ཀྲུང་གོ་བོད་ཀྱི་དྲ་བ།

​སྟག་རྩེ་ཆུས་དང་ཁ་རུབ་ཆུས་རྒྱལ་ཡོངས་ཀྱི་རིག་གནས་ཐོན་ལས་ཀྱིས་གྲོང་གསེབ་དར་སྤེལ་ལ་རོགས་རམ་གྱི་ཚོད་ལྟའི་མིང་ཐོ་སྐོར་དང་པོའི་ནང་ཚུད་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2023-11-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། རིག་གནས་ཡུལ་སྐོར་པུའུ་གཞུང་སྒྲུབ་ཐིང་དང་སློབ་གསོ་པུའུ་གཞུང་ལས་ཐིང་། རང་བྱུང་ཐོན་ཁུངས་པུའུ་གཞུང་ལས་ཐིང་། ཞིང་ལས་ཞིང་སྡེ་པུའུ་གཞུང་ལས་ཐིང་བཅས་ཀྱིས《རིག་གནས་ཐོན་ལས་ཀྱིས་གྲོང་གསེབ་དར་སྤེལ་ལ་རོགས་རམ་གྱི་ཚོད་ལྟའི་མིང་ཐོ་སྐོར་དང་པོ་སྤྱི་བསྒྲགས་བྱེད་པའི་སྐོར་གྱི་བརྡ་སྦྱོར》དཔར་འགྲེམ་བྱས་ཏེ། སྐོར་དང་པོའི་རྒྱལ་ཡོངས་ཀྱི་རིག་གནས་ཐོན་ལས་ཀྱིས་གྲོང་གསེབ་དར་སྤེལ་ལ་རོགས་རམ་གྱི་ཚོད་ལྟའི་མིང་ཐོ63སྤྱི་བསྒྲགས་བྱས་ཤིང་། བོད་ལྗོངས་ཀྱིས་འོས་སྦྱོར་བྱས་པའི་ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་དང་ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་གཉིས་རིག་གནས་ཐོན་ལས་ཀྱིས་གྲོང་གསེབ་དར་སྤེལ་ལ་རོགས་རམ་གྱི་ཚོད་ལྟའི་མིང་ཐོ་སྐོར་དང་པོའི་ནང་ཚུད་ཡོད།

ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་ཀྱིས་རིག་གནས་དང་རིག་དངོས། གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོང་རྒྱུན་འཛིན་སོགས་ཀྱི་ལས་དོན་ཏན་ཏིག་སྤེལ་ཏེ། སྤྱི་བའི་རིག་གནས་ཞབས་ཞུའི་མ་ལག་གཡུལ་ས་དང་རིག་གནས་བྱ་འགུལ་ཐེག་བྱེད་དུ་བརྩིས་པ་དང་། ཁྱད་ལྡན་ཐོན་ཁུངས་ལ་རྐང་ཚུགས་ནས“རིག་གནས+”དང“ཡུལ་སྐོར+”འཐབ་ཇུས་ལག་ལེན་བསྟར་པ། གནའ་བོའི་བོད་སྤོས་དང་ཟངས་རྡུང་བཟོའི་ལག་རྩལ། ནང་མ་སྟོད་གཞས། སྒྲ་སྙན་སོགས་ཁྱད་ལྡན་རིག་གནས་སྔོག་འདོན་གཏིང་ཟབ་བྱས་ཏེ། རིག་གནས་ཡུལ་སྐོར་རྣམ་གྲངས་ལ་བརྟེན་ནས་རིག་གནས་དང་ཡུལ་སྐོར། གྲོང་གསེབ་དར་སྤེལ་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད།

ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་ཀྱིས་ཁ་རུབ་ཆུས་རིག་གནས་ཁྱད་ལྡན་ཐོན་ལས་ལག་ཤེས་བཟོ་རྩལ་ཁྲིད་སྦྱོང་ཁང་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་བཏང་བ་དང་། ཆབ་མདོའི་ལས་རིགས་སློབ་གསོ་དང་ཁྲིད་སྦྱོང་ཁང་གི་སློབ་གསོ་སྲ་བརྟན་མཐོར་འདེགས་སུ་གཏོང་བར་རྒྱབ་སྐྱོར་སྐུལ་ལྕག་བཏང་སྟེ། ཁྱད་ལྡན་རིག་གནས་ཁག་རིག་གནས་ཐོན་ལས་ཁྱད་ལྡན་འཆར་འགོད་ནང་བཅུག་ནས་ཁྱད་ལྡན་རིག་དངོས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་།

རྗེས་མར། བོད་རང་སྐྱོང་ལྗོངས་རིག་གནས་ཐིང་དང་ཞིང་ལས་ཞིང་སྡེ་ཐིང་སོགས་སྡེ་ཁག་གིས་ཚོད་ལྟའི་ས་ཚིགས་ཀྱི་ཉམས་མྱོང་སྤྱི་སྡོམ་ཁྱབ་སྤེལ་ལ་མུ་མཐུད་ཤུགས་བསྣན་ཏེ། གྲོང་གསེབ་ཀྱི་ཁྱད་ལྡན་ཐོན་ལས་སྟོབས་ལྡན་དང་གྲོང་གསེབ་རིག་གནས་དར་སྤེལ་ལ་རོགས་འདེགས་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།