ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། གསར་འགོད་པས་གཞིས་ཀ་རྩེ་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཁག་ནས་ཤེས་གསལ་ལྟར་ན། དུས་ཚིགས་སྔོན་མ་གསུམ་གྱི་རིང་གཞིས་ཀ་རྩེ་གྲོང་ཁྱེར་གྱི་ཕྱི་ཕྱོགས་ཚོང་དོན་གྱི་ཕྱིར་གཏོང་བསྡོམས་འབོར་སྒོར་དུང་ཕྱུར45.49བྱུང་བ་དང་དུས་མཉམ་ལས་ལྡབ46འཕར་ནས་དུས་མཉམ་ཀྱི་བོད་ལྗོངས་ཕྱི་ཕྱོགས་ཚོང་དོན་ཕྱིར་གཏོང་བསྡོམས་འབོར་གྱི59.44%བཟུང་ཡོད་ཅིང་། ཕྱིར་གཏོང་ནང་འདྲེན་གྱི་བསྡོམས་འབོར་དང་འཕར་ཚད་ལྗོངས་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད།
རྒྱུས་ལོན་བྱུང་བ་ལྟར་ན། ད་ལོ་ནས་བཟུང་། གཞིས་ཀ་རྩེ་གྲོང་ཁྱེར་གྱིས“ཨེ་ཤ་ཡ་ལྷོ་མར་ཁ་ཕྱོགས་པའི་སྒོ་འབྱེད་ལྟེ་བའི་གྲོང་ཁྱེར་བཏོད་པའི”འགན་འཁྲི་ཕྲག་ཏུ་འཁུར་བ་དང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་ལས་དོན་ནང་ཞུགས་ཏེ། ཕྱོགས་ཡོངས་ནས་ཕྱི་ཕྱོགས་སུ་སྒོ་འབྱེད་པའི་སྒྲིག་གཞི་བསྐྲུན་པ་དང་། ཕྱི་ཕྱོགས་ཚོང་དོན་གཞི་ཁྱོན་གྱིས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་བ་བཏོད་པ་དང་ཕྱི་ཕྱོགས་ཚོང་དོན་གྱི་ཕྱིར་གཏོང་བསྡོམས་འབོར་ཁྲོན་སྣུམ་གློ་བུར་དུ་རྡོལ་བ་ཇི་བཞིན་འཕར་བར་སྐུལ་འདེད་བཏང་ཡོད།
འགག་སྒོ་འཛུགས་སྐྲུན་གང་ལེགས་བྱེད་པ། སྐྱིད་གྲོང་འགག་སྒོར་ཟླ4པའི་ཚེས1ཉིན་མི་སྣ་ཕར་འགྲོ་ཚུར་འོང་སླར་གསོ་བྱུང་བ་དང་། འགྲམ་འགག་སྒོར་ཟླ5པའི་ཚེས1ཉིན་ཕྱོགས་གཉིས་སུ་དངོས་ཟོག་གཏོང་འདྲེན་སླར་གསོ་བྱུང་བ་དང་། ཟླ9པའི་ཚེས1ཉིན་འགྲུལ་སྐྱེལ་ནུས་པ་སླར་གསོ་བྱུང་བ། ལེགས་རྩེ་འགག་སྒོ་ཟླ11པའི་ཚེས13ཉིན་དངོས་སུ་ཤར་གཏོང་ཐུབ་པ་རེད། ཟླ1པོ་ནས10པའི་བར། འགྲམ་འགག་སྒོར་དངོས་ཟོག་ཏུན་ཁྲི10.82འགག་སྒྲོལ་བྱས་པ་དང་། འགག་སྒྲོལ་དངོས་ཟོག་གི་རིན་ཐང་སྒོར་དུང་ཕྱུར37.21ཟིན་ནས་དུས་མཉམ་ལས་སོ་སོར36.5%དང62.9%འཕར་ཡོད་པ། རྒྱལ་མཚམས་ནས་ཕྱིར་འགྲོ་ནང་འཛུལ་བྱེད་པའི་མི་ཐེངས་ཁྲི16.8ལ་སླེབས་ཡོད།
སྐྱིད་གྲོང་མཐའ་མཚམས་དཔལ་འབྱོར་མཉམ་ལས་ཁུལ་འཛུགས་སྐྲུན་ཐད་གྲུབ་འབྲས་གསར་བ་བླངས་བ། ད་ལོ་ནས་བཟུང་། མཐའ་མཚམས་དཔལ་འབྱོར་མཉམ་ལས་ཁུལ་དུ་བསྡོམས་པས་རྣམ་གྲངས15ལས་མགོ་བསྐྱར་ཚུགས་བྱུང་བ་དང་། བསྡོམས་པས་མ་དངུལ་སྒོར་དུང་ཕྱུར3.4གཏོང་རྩིས་ཡོད་ལ། དེའི་ནང་མ་དངུལ་སྒོར་དུང་ཕྱུར2.05ལེགས་འགྲུབ་བྱུང་བ། ཚོང་འགུགས་དངུལ་འདྲེན་གྱི་རྣམ་གྲངས15ལག་བསྟར་བྱས་ནས་མ་འཇོག་སྒོར་དུང་ཕྱུར1.86ལེགས་པར་འགྲུབ་ཡོད། ཚོང་དུད43སྐྱིད་གྲོང་མཐའ་མཚམས་ཉོ་ཚོང་ཁྲོམ་རར་བཅའ་སྡོད་བྱས་པ་དང་། མཐའ་མཚམས་དཔལ་འབྱོར་མཉམ་ལས་ཁུལ་དུ་ཁྲལ་བསྡུའི་ཡོང་འབབ་སྒོར་ཁྲི1100ལྷག་བྱུང་ཡོད།
མཐའ་མཚམས་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་བྱུང་བ། གཞིས་ཀ་རྩེའི་ཕྱི་ཕྱོགས་ཚོང་དོན་ཐོན་ལས་འཕེལ་རྒྱས་བཞུགས་མོལ་ཚོགས་འདུ་སྒྲིག་འཛུགས་བྱས་ནས། གཞིས་ཀ་རྩེ་གྲོང་ཁྱེར་གྱི་ཚོང་འགུགས་དངུལ་འདྲེན་གྱི་གཟིགས་སྐྱོང་སྲིད་ཇུས་འགའ་ཤས་གཏན་འབེབས་ལག་བསྟར་བྱས་པ་དང་། ཕྱི་ཕྱོགས་རྣམ་པའི་དཔལ་འབྱོར་འཕེལ་རྒྱས་བྱེད་ཐབས13བཟོས་པ། ཕྱི་ཕྱོགས་ཚོང་དོན་གྱི་བདག་གཉེར་མཁན་རྒྱུན་མཐུད་རྒྱ་སྐྱེ་དུ་ཕྱིན་པར་སྐུལ་འདེད་བཏང་བ། མིག་སྔའི་བར། གྲོང་ཁྱེར་ཡོངས་ཀྱི་ཕྱི་ཕྱོགས་ཚོང་དོན་ཁེ་ལས180ལ་ཟིན་པ་དང་། དེ2022ལོའི་ལོ་མཇུག་དང་བསྡུར་ན20%འཕར་སྣོན་བྱུང་ཡོད། །