ཉེ་བའི་ལོ་འགའི་རིང་། སྲུང་སྐྱོང་དང་སླར་གསོ། ལྟ་ཞིབ་ཚད་ལེན་སོགས་ཀྱི་བྱེད་ཐབས་བརྒྱུད་ཡར་ཉང་བརླན་སའི་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ཇེ་ལེགས་སུ་ཕྱིན་ནས། ཉིང་ཁྲིའི་ཡུལ་སྐོར་ལྟ་སྐོར་དང་སྐྱེ་ཁམས་འཛུགས་སྐྲུན་གྱི་མིང་བྱང་ཞིག་ཏུ་གྱུར་ཡོད།
སྐྱེ་ཁམས་ཀྱི་བྱེད་ནུས་སྲུང་སྐྱོང་བྱས་ནས་སྲུང་སྐྱོང་གི་འདུ་ཤེས་ཇེ་མཐོར་གཏོང་བ།
ཞོགས་པའི་ཆུ་ཚོད8ཀྱི་སྟེང་། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་སྤང་སྣེ་གྲོང་ཚོའི་གྲོང་མི་ཕུར་བུ་རྡོ་རྗེ་ནགས་རར་བསྐྱོད་ནས་ཤིང་སྡོང་རེ་རེ་བཞིན་ལ་ཞིབ་ལྟ་བྱས་ཤིང་། “འདི་གར་རིགས་མི་འདྲ་བའི་ལྗོན་ཤིང་རྩ་ཆེན་མང་པོ་སྐྱེས་ཡོད། ང་ཚོའི་ལས་ཀ་གཙོ་བོ་ཞིག་ནི་ཤིང་སྡོང་འདི་དག་ལ་ནད་འབུའི་གནོད་པ་ཐེབས་ཡོད་མེད་ལ་ལྟ་དགོས”ཞེས་བཤད།
ཕུར་བུ་རྡོ་རྗེ་ནི་ཡར་ཉང་བརླན་སའི་བདག་སྐྱོང་བ45ཡི་གྲས་ཤིག་ཡིན་ཞིང་། ས་སྐྱེས་རྡོ་སྐྱེས་ཀྱི་སྤང་སྣེའི་གྲོང་མི་ཕུར་བུ་རྡོ་རྗེས་ས་ཆ་དེར་བརྩེ་བ་ཟབ་མོ་བཅངས་ཡོད། ཁོང་ཆུང་དུས་སུ་དེ་གར་ནི་བརྩི་མཐོང་བྱེད་རིན་མེད་པའི་གྲམ་ཐང་ཞིག་ཡིན་པ་དང་། 2009ལོར་ཡར་ཉང་རྒྱལ་ཁབ་བརླན་སའི་སྤྱི་གླིང་འཛུགས་སྐྲུན་ཚོད་ལྟ་བྱེད་མགོ་ཚུགས་ཤིང་། སྔོན་ཆད་ཀྱི་བྱེ་མའི་བཟོ་གྲྭའི་སྒོ་བརྒྱབ་ནས་གྲམ་ཐང་དུ་སྔོ་ལྗང་ལྗོན་ཤིང་འཛུགས་མགོ་བརྩམས། “ལོ་ངོ་བཅུ་ལྷག་གི་འགྱུར་ལྡོག་ནི་ལས་སླ་པོར་བྱུང་བ་ཞིག་མིན་པས་ང་ཚོས་འདི་གར་སྔར་བས་སྲུང་སྐྱོང་ཡག་པོ་བྱེད་དགོས”ཞེས་ཕུར་བུ་རྡོ་རྗེས་མྱོང་ཚོར་ཟབ་མོའི་སྒོ་ནས་བཤད།
སྤང་སྣེ་གྲོང་ཚོའི་དུས་རབས་གསར་པའི་དཔལ་ཡོན་ལག་ལེན་ལྟེ་གནས་ཀྱི་དང་བླངས་པ་ཕུར་བུ་རྡོ་རྗེས་རྒྱུན་དུ་ཡུལ་མི་ཚོར་བརླན་ས་སྲུང་སྐྱོང་གི་དོན་སྙིང་ཁྱབ་གདལ་གཏོང་བཞིན་ཡོད། ས་གནས་དེ་གའི་བརླན་ས་དོ་དམ་སྡེ་ཚན་གྱིས་དོན་དངོས་དང་ཟུང་འབྲེལ་བྱས་ནས་རྒྱུན་ལྡན་གྱི་ལྟ་སྐུལ་མཛུབ་ཁྲིད་དང་མང་ཚོགས་ཀྱི་སྐོར་སྐྱོད་སྲུང་སྐྱོང་ཟུང་འབྲེལ་གྱི་བྱེད་ཐབས་སྤྱད་དེ། བརླན་ས་བདག་སྐྱོང་གི་འགན་འཁྲི་ནན་དུ་བཏང་ཡོད། དེ་དང་ཆབས་ཅིག་འབྲེལ་ཡོད་སྡེ་ཚན་གྱིས་ད་དུང་བརླན་སའི་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་སྒྲོག་ལས་དོན་ཧུར་ཐག་སྤེལ་ནས། མང་ཚོགས་ཀྱི་བརླན་ས་སྲུང་སྐྱོང་གི་འདུ་ཤེས་ཇེ་མཐོར་དང་བརླན་ས་བདག་སྐྱོང་གི་ཆུ་ཚད་མཐོ་རུ་བཏང་སྟེ། བརླན་སའི་སྐྱེ་དངོས་ཀྱི་སྣ་མང་རང་བཞིན་དང་སྐྱེ་ཁམས་ནུས་པ་སྲུང་སྐྱོང་ནུས་ལྡན་བྱས་པ་རེད།
སྡོང་འཛུགས་ནགས་སྐྲུན་རྒྱུན་འཁྱོངས་བྱས་ནས་ཁོར་ཡུག་རྒྱུན་མཐུད་ངང་ཇེ་ལེགས་སུ་གཏོང་བ།
ཡར་ཉང་བརླན་སའི་ཟུར་ཞིག་ཏུ་གནས་པའི་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་སྨན་རིང་ཤང་གསེར་སྒོ་རྭ་གྲོང་ཚོ་འདི་ཉིད་སྔོན་ཆད་སྐྱེ་ཁམས་ཉམས་ཞན་དང་བྱེ་རླུང་གིས་ཁེངས་པའི་ས་ཆ་ཞིག་ཡིན། གསེར་སྒོ་རྭ་གྲོང་ཚོའི་ས་ཁོད་སྙོམས་ལ་ཆུ་བོའི་དཀྱོག་མཚམས་སུ་གནས་པས་བྱེ་འདམ་ཆགས་ཡོད། མཆོག་ཚེ་རིང་གིས2008ལོར་གསེར་སྒོ་རྭ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅིའི་འགན་འཁུར་སྐབས། དབྱར་དུས་སུ་གང་སར་ཆུ་ལོག་ཐོན་ནས་ས་ངོས་སུ་འདམ་ཆུས་ཁེངས་པ་དང་། དགུན་དུས་སུ་རླུང་བུ་ཆེན་པོ་ལྡང་རྗེས་དེའི་རྒྱུད་ཀྱི་གྲོང་མི་རྣམས་བྱེ་རླུང་གི་ཁྲོད་དུ་སྡོད་དགོས་ཞེས་བཤད། “དེ་ལྟར་བྱས་ན་མུ་མཐུད་སྡོད་ཐབས་བྲལ་བས་ང་ཚོའི་གྲོང་ཚོར་ལྗོན་ཤིང་འདེབས་དགོས་སྙམ” 2009ལོའི་དཔྱིད་མགོ་ཚུགས་མ་ཐག མཆོག་ཚེ་རིང་གིས་སྡོང་འཛུགས་ནགས་སྐྲུན་དང་ཁོར་ཡུག་བཅོས་སྒྲིག་གི་གྲོས་འགོ་བཏོན་པ་དང་ད་བར་རྒྱུན་མཐུད་སྡོང་འཛུགས་ནགས་སྐྲུན་གྱི་ལས་གཞི་སྤེལ་མགོ་ཚུགས་ཡོད། དང་ཐོག་སྡོང་འཛུགས་རྒྱ་ཁྱོན་ལོ་རེར་མུའུ་ཆིག་སྟོང་ནས་ཕྱིས་སུ་ལོ་རེར་མང་ཤོས་མུའུ5000ལྷག་ཟིན་ཡོད། གསེར་སྒོ་རྭ་གྲོང་ཚོའི་ནགས་སྐྲུན་བྱེ་འགོག་གི་ནུས་པ་མངོན་གསལ་དོད་པོ་ཐོན་ཡོད། ལོ10ལྷག་རིང་གསེར་སྒོ་རྭ་གྲོང་ཚོས་ལྗོན་ཤིང་རྐང་ཁྲི་བཅུ་ཕྲག་ཁ་ཤས་འདེབས་འཛུགས་བྱས་པ་རེད།
ལས་དོན་སྤེལ་རིང་དཀའ་ངལ་ཡང་མང་པོ་འཕྲད་ཅིང་། ལྗོན་ཤིང་མང་པོ་བཏབ་པར་བརྟེན་ཤིང་སྡོང་གྲམ་ངོགས་སུ་གསོན་པའི་ཚད་ཇེ་དམའ་རུ་ཕྱིན་པ་རེད། ཉིང་ཁྲི་གྲོང་ཁྱེར་ནགས་ཚལ་དང་རྩྭ་ཐང་ཅུའུ་ཡི་ལས་དོན་པས་བརྟག་ཞིབ་གཏིང་ཟབ་བྱས་པ་བརྒྱུད། ཡར་ཉང་བརླན་སར་སྐྱེས་པའི་སྐྱི་བ་གསེར་སྒོ་རྭ་གྲོང་ཚོའི་སྐྱེ་ཁམས་ཁོར་ཡུག་དང་འཚམ་ཤོས་ཡིན་པ་ཤེས་ནས། གྲོང་ཚོས་སྐྱེ་ཁམས་ཉམས་ཞན་ཁུལ་དུ་སྐྱི་བ་འདེབས་པའི་གྲོས་འགོ་བཏོན། སྡོང་ཕྲུག་ལེགས་བཅོས་བྱས་རྗེས་ལྗོན་ཤིང་གསོན་ཚད་མངོན་གསལ་དོད་པོས་ཇེ་མཐོར་ཕྱིན་པ་དང་གསེར་སྒོ་རྭ་གྲོང་ཚོའི་སྐྱེ་ཁམས་ཁོར་ཡུག་མུ་མཐུད་ཇེ་ལེགས་སུ་ཕྱིན་ཡོད། “ཕ་ཡུལ་གྱི་ད་ལྟའི་མཛེས་ཤིང་ལྟ་ན་སྡུག་པའི་ཁོར་ཡུག་མཐོང་སྐབས་ལོ་དེ་དག་རིང་རང་ཉིད་ཀྱི་བློས་གཏོང་པར་དོན་སྙིང་ལྡན་སྙམ”ཞེས་མཆོག་ཚེ་རིང་གིས་བཤད།
གསེར་སྒོ་རྭ་གྲོང་ཚོ་ལྟ་བུའི་སྐྱེ་ཁམས་སླར་གསོའི་ལས་གཞི་དེ་འདྲ་བ་ཡར་ཉང་བརླན་སའི་ཉེ་འཁོར་དུ་ད་དུང་མང་པོ་ཡོད། 2016ལོ་ནས་བཟུང་། ཉིང་ཁྲི་གྲོང་ཁྱེར་གྱིས་བསྡོམས་པས་མ་དངུལ་སྒོར་ཁྲི3510བཏང་ནས་ཡར་ཉང་བརླན་ས་སྲུང་སྐྱོང་དང་སླར་གསོའི་ལས་གཞི།ནགས་ལས་འཕེལ་རྒྱས་བཅོས་སྒྱུར་མ་དངུལ་གྱི་ཡར་ཉང་བརླན་སའི་ཁ་གསབ་སོགས་བརླན་ས་སྲུང་སྐྱོང་སླར་གསོའི་ལས་གཞི4ལག་བསྟར་བྱས་པ་དང་། 2022ལོའི་ཟླ6པའི་བར་ཡར་ཉང་བརླན་སའི་སྔོ་ཁེབས་སླར་གསོའི་རྒྱ་ཁྱོན་མུའུ1839ཟིན་ཡོད།
སྐྱེ་ཁམས་ཡུལ་སྐོར་དང་ལྟ་ཞིབ་ཚད་ལེན་ཞིབ་འཇུག་གཉིས་ཀར་མཐོང་ཆེན་བྱེད་པ།
སྐྱེ་ཁམས་མུ་མཐུད་ཇེ་ལེགས་སུ་ཕྱིན་པས་ཡར་ཉང་བརླན་སའི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་རིན་ཐང་སྔར་བས་ཆེ་བ་ཇི་ལྟར་འདོན་དགོས་སམ།
བཀྲ་ཤིས་ཚེ་རིང་ནི་ཉིང་ཁྲིའི་ཡུལ་སྐོར་བོགས་གཏོང་རླངས་འཁོར་གྱི་ཁ་ལོ་བ་ཞིག་ཡིན་པ་དང་། འདས་ཟིན་པའི་ཟླ་བ་ཁ་ཤས་རིང་ཁོང་བྲེལ་བ་ཧ་ཅང་ཆེན་པོ་ཡོད། “བོད་ལྗོངས་སུ་ཡུལ་སྐོར་བ་མང་བའི་དུས་ཚིགས་སུ་ཡར་ཉང་བརླན་ས་དང་ཡར་ཀླུང་གཙང་པོའི་རོང་ཆེན་སོགས་མཛེས་ལྗོངས་ཁུལ་གྱིས་མཉམ་དུ་ཉིང་ཁྲིའི་ཉེ་འཁོར་དུ་ཐག་ཉེ་བའི་ཡུལ་སྐོར་གྱི‘ལམ་ཐིག་ཡག་ཤོས’བཏོད་ཡོད། ” ཁོང་གིས“ངའི་ཁྱིམ་བརླན་སའི་ཉེ་འགྲམ་དུ་ཡོད་པ་དང་། གྲོང་མི་མང་པོ་ཞིག་གིས་ཉེ་འགྲམ་གྱི་མཛེས་ལྗོངས་ཁུལ་དུ་ལས་ཀ་བྱེད་བཞིན་ཡོད་པས་ཡོང་འབབ་མང་ཆེ་བ་མཛེས་ལྗོངས་ཁུལ་ནས་ཐད་ཀར་གསོག་ཐུབ་ཀྱིན་ཡོད”ཅེས་ངོ་སྤྲོད་བྱས།
བརླན་སའི་ཉེ་འགྲམ་གྱི་ཉིང་ཁྲི་གྲོང་རྡལ་ཆུ་འཁོར་གྲོང་ཚོ་ནི་ད་ལྟ་ས་གནས་དེ་གའི་གྲོང་མི་དང་ཡུལ་སྐོར་བའི་སྤྲོ་གསེང་བྱ་ཡུལ་ཡག་ཤོས་ཤིག་རེད། ན་ནིང་ཆུ་འཁོར་གྲོང་ཚོས་ས་ཞིང་མུའུ190ལྷག་འཁོར་རྒྱུག་བྱས་ནས་སྐྱེ་ཁམས་ལྟ་སྐོར་དང་དམངས་སྲོལ་ཉམས་ལེན་གཞི་གཅིག་ཅན་གྱི་མེ་ཏོག་ལྟ་སྐོར་གླིང་བསྐྲུན་པས། ཡུལ་སྐོར་བས་མེ་ཏོག་ལ་ལྟ་བ་དང་མདའ་འཕེན་པ། རྟ་བཞོན་པ་བཅས་བྱེད་ཀྱིན་ཡོད། 2022ལོར་ཆུ་འཁོར་གྲོང་ཚོའི་ཐུན་མོང་དཔལ་འབྱོར་ཡོང་འབབ་ལས་ཡུལ་སྐོར་ཡོང་འབབ་ཁོ་ན་སྒོར་ཁྲི45ལྷག་ཟིན་ཡོད།
དེ་སྔོན་བརླན་ས་སྲུང་སྐྱོང་གི་ཆེད་ལས་ལག་རྩལ་བ་དཀོན་པའི་དབང་གིས་ཡར་ཉང་བརླན་སའི་སྐྱེ་ཁམས་ཞབས་ཞུའི་ནུས་པ་མངོན་གསལ་དོད་པོ་མེད། གནད་དོན་དེར་དམིགས་ནས་ཉིང་ཁྲི་གྲོང་ཁྱེར་ནགས་ཚལ་དང་རྩྭ་ཐང་ཅུའུ་ཡིས་ཀྲུང་གོ་ཚན་རིག་ཁང་དང་། ཝུའུ་ཧན་སློབ་ཆེན། བོད་ལྗོངས་སློབ་ཆེན་སོགས་ཚན་ཞིབ་སློབ་གླིང་དང་མཉམ་ལས་བྱས་ཏེ། བརླན་སའི་ཐོན་ཁུངས་བརྟག་ཞིབ་དང་ལྟ་ཞིབ་ཚད་ལེན་མ་ལག་འཐུས་ཚང་དུ་གཏོང་བ་དང་བརླན་ས་སྲུང་སྐྱོང་གི་ཚན་རྩལ་འདེགས་སྐྱོར་ལམ་སྲོལ་འཐུས་ཚང་དུ་བཏང་ཡོད། དེ་དང་ཆབས་ཅིག བརླན་སའི་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་དང་ལྟ་སྐུལ་ཚོད་འཛིན་ས་ཚིགས་བཙུགས་ནས་བརླན་སའི་སྐྱེ་ཁམས་གནས་ཚུལ་ལ་གདེང་འཇོག་དང་སྲོག་ཆགས་རྩི་ཤིང་ལ་ལྟ་ཞིབ་ཚད་ལེན་དང་ལྟ་སྐུལ་ཚོད་འཛིན་བྱས། “ལྟ་ཞིབ་ཚད་ལེན་ནི་སྔར་བས་ལེགས་པའི་སྒོ་ནས་སྲུང་སྐྱོང་བྱ་ཆེད་ཡིན་ལ། རྗེས་མཐུད་ཚན་རིག་ཞིབ་འཇུག་ལ་གཞི་འཛིན་ས་མཁོ་འདོན་བྱ་ཆེད་ཀྱང་རེད”ཅེས་ཉིང་ཁྲི་གྲོང་ཁྱེར་ནགས་ཚལ་དང་རྩྭ་ཐང་ཅུའུ་ཡི་ལས་དོན་པས་བཤད།
“སྐྱེ་ཁམས་ཀྱི་ལྟ་ཞིབ་ཚད་ལེན་དྲ་བ་བཙུགས་ཚེ། ང་ཚོས་མཐོ་སྒང་གི་སྐྱེ་ཁམས་ལ་སྔར་བས་ཞིབ་འཇུག་བྱས་ནས་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཕན་ཐོགས་ཡོད”ཅེས་བོད་རང་སྐྱོང་ལྗོངས་མཐོ་སྒང་སྐྱེ་དངོས་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་གཞོན་པ་ཟླ་བས་བཤད། །