ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོ་ནས་བཟུང་། བོད་ལྗོངས་ལྷ་སjགྲོང་ཁྱེར་སྟག་རྩེ་ཆུས་ཀྱིས་སྔོན་ཐོན་རིག་གནས་དར་སྤེལ་གཏོང་བ་བརྗོད་གཞི་དང་། རིག་གནས་ཡུལ་སྐོར་གྱི་གཡུལ་ས་འཛུགས་སྐྲུན་ལ་ཤུགས་སྣོན་པ་དམ་འཛིན་བྱ་གཞིར་འཛིན་པ། གཞི་རིམ་གྱི་རིག་གནས་འཚོ་བ་དར་སྤེལ་ཡོང་བ་གཙོ་གནད་དུ་བཟུང་སྟེ། བྱ་ཐབས་ཇེ་དྲག་ཏུ་གཏོང་བ་དང་དམ་པ་དོན་གཉེར་བྱས་ནས“སྤྲིན་ཐོག་སྟག་རྩེ”ཞེས་པའི་རིག་གནས་ཡུལ་སྐོར་ཐོན་ལས་ཚོང་རྟགས་ནུས་ཤུགས་ཡོད་རྒུས་བཏོད་པ་དང་ཁྱད་ལྡན་རིག་གནས་ཡུལ་སྐོར་ཐོན་ལས་ཀྱིས་གྲོང་གསེབ་དར་སྤེལ་ལ་ནུས་པ་འདོན་པར་ཕྱོགས་ཡོངས་ནས་རོགས་འདེགས་བྱས་ཡོད།
ཉེ་སྔོན། འགྲུལ་སྐྱེལ་རླངས་འཁོར་ཆེ་གྲས་ཞིག་ལྷ་སའི་བཀྲ་ཤིས་ཕོ་བྲང་བོད་ཀྱི་རིག་གནས་བརྗོད་གཞི་མགྲོན་ཁང་གི་སྒོ་ཁར་བསྡད་པ་དང་བསྟུན་ནས། ཡུན་ནན་གྱི་ཡུལ་སྐོར་བ29ཡིས་བོད་ལྗོངས་ཡུལ་སྐོར་གྱི་མགོ་བརྩམས་པ་དང་། ཁ་བཏགས་དཀར་པོ་དང་ས་གནས་ཞབས་བྲོ། 《ཁྱེད་རང་ལྷ་སར་ཕེབས་པར་དགའ་བསུ་ཞུ》ཞེས་པའི་དགའ་སྤྲོའི་གླུ་དབྱངས་བཅས་ཀྱིས་རྒྱང་རིང་ནས་ཕེབས་པའི་མགྲོན་པོར་བཅངས་པའི་དགའ་བསུའི་བརྩེ་བ་མཚོན་ཡོད།
གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། ཡུལ་སྐོར་ཚོགས་པ་དེ་ནི་སྟག་རྩེ་ཆུས་ཀྱིས་ཡུན་ནན་རྒྱང་སྒྲོག་ཡུལ་སྐོར་དང་མཉམ་འབྲེལ་བྱས་ནས་བཏོན་པའི་རིག་གནས་ཡུལ་སྐོར་གྱི་གསོལ་སྟོན་གཟབ་རྒྱས་ཏེ“ཡུན་ནན་མི་དམངས་བོད་ལྗོངས་སུ་ཅི་དགར་རྩེ་བ། སྤྲིན་ཐོག་སྟག་རྩེ་དང་མཉམ་དུ་སའི་གོ་ལའི་སྣེ་གསུམ་པ་མཉམ་སྤྱོད་བྱེད”ཅེས་པའི་བྱ་འགུལ་གྱི་ཚོགས་པ་ཐོག་མ་ཡིན། ཉིན་བདུན་གྱི་ལམ་ཐག་ཁྲོད་ཡུལ་སྐོར་ཚོགས་པས་ཕོ་བྲང་པོ་ཏ་ལ་དང་ཡར་འབྲོག་གཡུ་མཚོ་སོགས་མཛེས་ལྗོངས་ཁུལ་དུ་ལྟ་སྐོར་བྱས་ནས་བོད་ལྗོངས་ཀྱི་སྟོན་ཁ་དང་དགུན་ཁའི་མཛེས་ལྗོངས་ཉམས་ལེན་བྱ་རྒྱུ་རེད། ཐེངས་འདིའི་བྱ་འགུལ་ནི“མི་ཁྲི་བོད་ལྗོངས་སུ་སྐྱོད་ནས་སྤྲིན་ཐོག་སྟག་རྩེར་ལྷན་འཛོམས་བྱུང”ཞེས་པའི་བྱ་འགུལ་གྱི་ཆ་ཤས་ཞིག་ཡིན། 2018ལོར་སྟག་རྩེ་ཆུས་ཀྱིས་ཅང་སུའུ་རྒྱལ་སྤྱིའི་ཡུལ་སྐོར་ལས་དོན་ཁང་དང་མཉམ་འབྲེལ་བྱས་ཏེ“མི་ཁྲི་བོད་ལྗོངས་སུ་སྐྱོད་ནས་སྤྲིན་ཐོག་སྟག་རྩེར་ལྷན་འཛོམས་བྱུང”ཞེས་པའི་བྱ་འགུལ་ལག་བསྟར་བྱེད་མགོ་ཚུགས་ཤིང་། རྒྱལ་ཡོངས་ཀྱི་ས་གནས་ཁག་གི་འགྲིམ་འགྲུལ་རྒྱང་སྒྲོག་དང་སྦྲེལ་མཐུད་བྱས་ནས་ཉན་མཁན་གྱིས་གྲུབ་པའི་ཡུལ་སྐོར་ཚོགས་པ་བོད་ལྗོངས་སུ་ཡུལ་སྐོར་ལ་ཡོང་བར་སྒྲིག་འཛུགས་བྱས། བྱ་འགུལ་དེས་ལོ་རེར་ཆ་སྙོམས་སྟག་རྩེ་ཆུས་ལ་ཡུལ་སྐོར་བ་མི་ཐེངས་ཁྲི3བསྐྱལ་ཡོང་བ་དང་། དེང་སྐབས“མི་ཁྲི་བོད་ལྗོངས་སུ་སྐྱོད་ནས་སྤྲིན་ཐོག་སྟག་རྩེར་ལྷན་འཛོམས་བྱུང”ཞེས་པའི་བྱ་འགུལ་སྟག་རྩེ་ཆུས་གྲོང་གསེབ་ཡུལ་སྐོར་གྱི་ཚོང་རྟགས་གལ་ཆེན་ཞིག་ཏུ་གྱུར་ཡོད། ཡུལ་སྐོར་ཁྱབ་གདལ་བཏང་བ་དང་ཆབས་ཅིག་སྟག་རྩེ་ཆུས་ཀྱི་ཕུལ་བྱུང་ཐོན་རྫས་སྔར་བས་མང་པོ་བཏོན་ནས་མི་སྔར་བས་མང་པོ་བོད་ལྗོངས་སུ་ཡོང་བ་དང་ལྷ་སར་ཡོང་བ། སྟག་རྩེ་ཡོང་བར་བྱས་ཡོད།
ད་ལོར། སྟག་རྩེ་ཆུས་མངའ་ཁོངས་ཀྱི་གླིང་ཁའི་ཡུལ་སྐོར་བ་མི་ཐེངས་ཁྲི17.5328སྣེ་ལེན་བྱས་ཤིང་། གླིང་ཁའི་ཡོང་འབབ་སྒོར་ཁྲི521.3625ཟིན་པ་དང་མི5308ལས་ཞུགས་ཐུབ་པར་སྐུལ་ཁྲིད་བྱས་པ་དང་འབབ་འཕར་སྒོར་ཁྲི64.81བྱུང་བར་རོགས་འདེགས་བྱས་ཡོད།
སང་ལོར། ང་ཚོས་མུ་མཐུད་དུ“མི་ཁྲི་བོད་ལྗོངས་སུ་སྐྱོད་ནས་སྤྲིན་ཐོག་སྟག་རྩེར་ལྷན་འཛོམས་བྱུང”ཞེས་པའི་འོས་སྦྱོར་བྱ་འགུལ་རབ་དང་རིམ་པ་སྤེལ་ཏེ། མི་སྔར་བས་མང་པོར་སྟེག་རྩེའི་ཐུན་མོང་མ་ཡིན་པའི་ཡུལ་སྐོར་ཐོན་ཁུངས་ཉམས་ལེན་བྱེད་དུ་འཇུག་དགོས”ཞེས་སྟག་རྩེ་ཆུས་རིག་གནས་ཡུལ་སྐོར་ཐོན་ལས་གཞུང་སྒྲུབ་ཁང་གི་ལས་དོན་མི་སྣས་བཤད། །