ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

མཛེས་སྡུག་ལྡན་པའི་གྲོང་གསེབ་སྐྱིད། ཐོན་ལས་དར་ཞིང་མང་ཚོགས་ཕྱུག

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2023-02-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

—— གོང་དཀར་རྫོང་གིས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏིང་ཟབ་བཏང་བའི་སྐོར་གྱི་དངོས་བྲིས།

ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་གོང་དཀར་རྫོང་གིས“ཞིང་གསུམ”ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་གྲོང་གསེབ་དར་རྒྱས་གཏོང་རྒྱུ་འབྲེལ་མཐུད་ནུས་ལྡན་མཐའ་འཁྱོངས་བྱ་རྒྱུ་དེ་བློ་བརྟན་འགྱུར་མེད་ངང“གཏན་འཁེལ་གཉིས”སྲུང་སྐྱོང་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་བྱེད་པའི་ཞིབ་ཕྲའི་ལག་ལེན་ལ་བརྩིས་ནས་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཡག་པོ་བྱས་པས་ལས་དོན་ཁག་ལ་ཕན་འབྲས་ཡག་པོ་ཐོན་ཡོད་པ་རེད།

གྲོང་ཚོའི་བཀོད་པ་ལེཌ་པ་དང་མི་འཚོ་སྡོད་ཀྱི་ཁོར་ཡུག་ལེཌ་སུ་བཏང་བ།

གྲོང་གསེབ་ཀྱི་ལམ་བུ་ཁོད་སྙོམས་ལ་གཙང་སྦྲ་དོད་པ་དང་། ཁང་པའི་རྒྱབ་མདུན་གྱི་བཀོད་པ་ལེགས་པ། སྡོད་ཁང་ཚང་མ་དཀར་ཆ་དོད་པ་སོགས་གོང་དཀར་རྫོང་ཁྱིམ་བཞི་ཤང་ཤུར་གྲོང་ཚོར་སྐྱོད་སྐབས་མཛེས་སྡུག་ལྡན་པའི་གྲོང་གསེབ་ཀྱི་རྣམ་པ་གསར་པ་ཞིག་མངོན།

གྲོང་གསེབ་ཀྱི་མི་འཚོ་སྡོད་ཀྱི་ཁོར་ཡུག་བཅོས་སྒྲིག་ལས་དོན་སྤེལ་ཚུན། ཁྱིམ་བཞི་ཤང་གིས“ཟླ་རེར་གཙོ་གནད་རེ་དང་། དུས་ཚིགས་རེར་དུས་མཚམས་རེ། རྒྱུན་རྣམ་ནས་ཕུགས་ཕན་གྱི་དམ་འཛིན”བཅས་ཀྱི་ལས་ཀའི་བསམ་ཕྱོགས་ལྟར“ཕན་ཚུན་དཔྱད་བསྡུར་དང་རོགས་རེས”ཀྱི་བྱེད་ཐབས་ལ་བརྟེན་ནས་གྲོང་ཚོ་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་རྒྱ་ཁྱབ་ངང་ཞུགས་རྒྱུར་སྐུལ་སློང་བྱས་ཏེ། གྲོང་ཚོའི་ནང་གི་ཏང་ཡོན་ལས་བྱེད་པས་སྣེ་ཁྲིད་ནས་སྒྲུབ་པ་དང་། མང་ཚོགས་ལ་མིག་དཔེ་བཏོན་པ། མང་ཚོགས་ཀྱི་སྣེ་ཁྲིད་ནས་སྒྲུབ་པ་སོགས་ཀྱི་བྱེད་ཐབས་བརྒྱུད་མང་ཚོགས་ལ“ཁྱིམ་གཞིས་ལ་དགའ་ཞེན་བྱེད་པར་སྔོན་ལ་ཁྱིམ་གཞིས་མཛེས་སྡུག་ལྡན་པ་བྱེད་པའི”འདུ་ཤེས་རིམ་གྱིས་བཙུགས་ཡོད་པ་རེད།

གྲོང་ཚོ་ཡོངས་ཀྱི་གོང་འོག་ཚང་མས་སེམས་ཤུགས་གཅིག་སྒྲིལ་དང་མཉམ་ཤུགས་འགག་སྒྲོལ་བྱས་པ་བརྒྱུད། གྲོང་ཚོའི་བཙོག་ཟིང་ཞན་གསུམ་གྱི་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་ནས་གྲོང་གསེབ་དར་རྒྱས་ཀྱི་རྨང་གཞི་སྔར་བས་བརྟན་དུ་བཏང་ཡོད།

ཁྱིམ་བཞི་ཤང་ཤུར་གྲོང་ཚོའི་ཚོགས་ཆུང་ལྔ་པའི་གྲོང་མི་དགྲ་འདུལ་གྱི་ཁྱིམ་དུ་སྐྱོད་སྐབས་གསར་དུ་བསྐྲུན་པའི་བོད་བཟོའི་སྡོད་ཁང་གི་སྒོ་རའི་ནང་མེ་ཏོག་སྣ་ཚོགས་བཞད་ཅིང་གང་སར་དྲི་ཞིམ་འཐུལ། ཚོམས་ཆེན་ནང་དུ་དེང་རབས་ཅན་གྱི་ཁྱིམ་སྤྱོད་གློག་ཆས་དང་ནང་ཆས་གསར་པ་སྒྲིག་ཅིང་། དགྲ་འདུལ་གྱིས“ད་ཆ་འཚོ་བའི་ཆ་རྐྱེན་ལེགས་སུ་ཕྱིན་ལ་ཚང་མས་འཕྲོད་བསྟེན་ལ་དོ་སྣང་ཡང་བྱེད་ཀྱི་ཡོད། གཟའ་འཁོར་རེའི་གཟའ་ཟླ་བའི་ཞོགས་པ་ཁྱིམ་ཚང་ཚང་མས་རང་འགུལ་ངང་གྲོང་ཚོར་གཙང་སྦྲ་བྱེད་པ་དང་། ཉིན་ལྟར་གཙང་སྦྲ་དོད་པའི་ཁོར་ཡུག་ཁྲོད་འཚོ་བ་སྐྱེལ་རྒྱུ་ཡོད་པས་བདེ་སྐྱིད་ཚོར་སེམས་སྔར་བས་ཆེ་རུ་ཕྱིན་སོང”ཞེས་བཤད།

ཏང་འཛུགས་སྐྱོང་ལ་བརྟེན་ནས་རྩལ་ནུས་ཤེས་ལྡན་པ་གསོ་སྐྱོང་བྱེད་པར་སྣེ་ཁྲིད་བྱས་པ།

གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱེད་པར་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ནི་འགན་ལེན་ཡིན། གོང་དཀར་རྫོང་དགོན་སྟོད་གྲོང་རྡལ་གྱིས་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་གྲོང་གསེབ་ཀྱི་ཐོན་ལས་དང་། ཤེས་ལྡན་མི་སྣ། རིག་གནས། སྐྱེ་ཁམས། རྩ་འཛུགས་བཅས“དར་རྒྱས་ཆེན་པོ་ལྔ”ལ་སྤྱི་འདོམས་སྐུལ་འདེད་བཏང་སྟེ་ཏང་གི་རྩ་འཛུགས་ཀྱི་ལེགས་ཆ་དེ་གྲོང་གསེབ་དར་རྒྱས་གཏོང་བའི་བྱ་སྤྱོད་ཀྱི་ལེགས་ཆར་ཏན་ཏིག་བསྒྱུར་ནས་གྲོང་གསེབ་དར་རྒྱས་གཏོང་བའི“རྒྱུགས་སྤྲོད་ལམ་བུའི”ཐོག་མྱུར་ཚད་མགྱོགས་སུ་བཏང་ཡོད།

“དེ་སྔ་ལག་རྩལ་སྣེ་གཅིག་མ་ཤེས་ན་ཕྱིར་གླ་པར་སྐྱོད་ཀྱང་གླ་ཆ་མཐོ་པོ་མེད་པ་མ་ཟད། ད་དུང་ཁྱིམ་དང་བར་ཐག་ཀྱང་རིང་པོ་ཡོད། ད་ཆ་གྲོང་ཚོའི‘ཨུ་ལྷན་གཉིས’ཀྱི་ཚན་ཁག་དང་གྲོང་སྡོད་ལས་དོན་རུ་ཁག་གིས་སྒྲིག་འཛུགས་བྱས་པའི་མ་བྱན་གསོ་སྦྱོང་ནང་ཞུགས་ནས་མ་བྱན་གྱི་ཐོབ་ཐང་ལག་ཁྱེར་རག་རྗེས། 2022ལོ་ནས་བཟུང་སྐྱིད་ནགས་གྲོང་ཚོའི་ཟ་ཁང་འགན་གཙང་བླངས་པས་ཁྱིམ་གྱི་སྒོ་རྩར་ལས་ཞུགས་ཐུབ་པ་དང་ལོ་རེར་ཡོང་འབབ་སྒོར་ཁྲི་7ཡོང་གི་འདུག”ཅེས་སྐྱིད་ནགས་གྲོང་ཚོའི་ཚོགས་ཆུང་བཞི་པའི་ཚེ་རིང་སྒྲོལ་དཀར་གྱིས་དགའ་ཚོར་ཆེན་པོས་བཤད།

སྐྱིད་ནགས་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་དང་གྲོང་སྡོད་ལས་དོན་རུ་ཁག་གིས་དོན་དངོས་དང་ཟུང་འབྲེལ་བྱས་ནས་ཞིང་འབྲོག་མང་ཚོགས་ཀྱི་ལས་ཞུགས་གཞན་སྒྱུར་གྱི་ལས་དོན་ཇུས་འགོད་ཧུར་ཐག་བྱས་ཏེ་གཞན་སྒྱུར་རང་བཞིན་གྱི་ཡོང་འབབ་མང་དུ་བཏང་ཞིང་། མིག་སྔའི་བར་གྲོང་ཚོ་ཡོངས་ལ་ཁྱོན་སྐྱེལ་འདྲེན་རླངས་འཁོར་93དང་། ཨར་འདམ་མཉམ་བསྲེས་སྐྱེལ་འདྲེན་རླངས་འཁོར་7 འདོན་འཇུག་འཕྲུལ་འཁོར་ཆེ་གྲས་43 རྐོ་འདྲུའི་འཕྲུལ་འཁོར་ཆེ་གྲས་13 རྐོ་འདྲུའི་འཕྲུལ་འཁོར་ཆུང་གྲས་22བཅས་ཡོད་པ་རེད། 2022ལོར་ལས་ཞུགས་གཞན་སྒྱུར་མི་གྲངས་380ཟིན་པ་དང་ཀོ་ཆས་དང་འཁེལ་འཐག་བཟོ་གྲྭར་མི་10ལས་ཞུགས་ཐུབ་པ་དང་2021ལོར་མ་བྱན་གསོ་སྦྱོང་ནང་ཞུགས་མཁན་མི་26ཚང་མ་ལས་ཞུགས་ཐུབ་ཡོད་པ་རེད།

ཐོན་ལས་དར་རྒྱས་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་བཏང་བ།

གྲང་ངར་ཆེ་བའི་དགུན་ཁར་གོང་དཀར་རྫོང་ཡར་ཀླུང་གཙང་པོའི་བྱང་ངོགས་སྲིན་བུ་རིའི་ཀུ་ཤུ་འདེབས་འཛུགས་རྟེན་གཞིར་ཤིང་འབྲས་སྡོང་པོ་སྟར་པ་བྱས་ནས་སྐྱེས་པ་དང་མི་རྣམས་ཀྱིས་ཤིང་གི་ཡལ་ག་འབྲེག་བཞིན་ཡོད།

གནས་སྤོས་དུད་ཚང་ཚེ་རིང་དབྱངས་སྒྲོལ་གྱིས“དེ་སྔ་འཚོ་བ་སྐྱེལ་སར་ལྗོན་ཤིང་ཧ་ཅང་མཐོང་དཀོན་པ་མ་ཟད། ཤིང་འབྲས་ར་བ་ཆེན་པོ་དེ་འདྲ་དེ་བས་མཐོང་རྒྱུ་མེད། གནས་སྤོས་བྱས་རྗེས་ཁྱིམ་གྱི་སྒོ་རྩར་ལས་ཞུགས་ཐུབ་པ་དང་ཉིན་ལྟར་ཤིང་འབྲས་ལྡུམ་རར་ལས་ཀ་བྱས་ཏེ་ལག་རྩལ་མཛུབ་ཁྲིད་པས་ང་ཚོར་འདེབས་འཛུགས་དོ་དམ་ལག་རྩལ་དམར་ཁྲིད་བྱེད་ཀྱི་འདུག སླད་ཕྱིན་གྱི་འཚོ་བར་རང་ཉིད་སེམས་ཤུགས་ཀྱིས་ཁེངས་སོང”ཞེས་བཤད།

2018ལོར་གོང་དཀར་རྫོང་གིས་ལྗོངས་ཡོངས་ཀྱི་སྔོན་དུ་སྔོན་ཐོན་གྱི་ཀུ་ཤུའི་འདེབས་འཛུགས་ལག་རྩལ་ནང་འདྲེན་བྱས་ནས་སྔ་རྗེས་སུ་སྲིན་བུ་རི་གྲོང་ཚོ་སོགས་གྲོང་ཚོ་12ལ་ཀུ་ཤུའི་འདེབས་འཛུགས་རྟེན་གཞི་22བསྐྲུན་པ་དང་། སྤྱིའི་རྒྱ་ཁྱོན་མུའུ་19578ཟིན་པ་དང་ཁྱོན་མ་དངུལ་སྒོར་དུང་ཕྱུར་11.18བཏང་བས་མིག་སྔར་ཚང་མ་བསྐྲུན་ཟིན་ནས་ཕྱོགས་བསྡུས་ཕན་འབྲས་བཟང་པོ་ཐོན་ཡོད།

ད་ཆ་ང་ཚོ་གོང་དཀར་རྫོང་དུ་སྐྱོད་སྐབས་ཐོས་མང་ཤོས་ནི“འཕེལ་རྒྱས”ཀྱི་སྐོར་དང་མཐོང་མང་ཤོས་ནི“དངོས་སྒྲུབ”ཀྱི་རྣམ་པ་ཡིན། ཐོན་ལས་དར་རྒྱས་དང་། སྐྱེ་ཁམས་སྡོད་མལ་ལ་འཚམ་པ། ཡུལ་སྲོལ་ཤེས་དཔལ། བཅོས་སྐྱོང་ནུས་ལྡན། འཚོ་བ་འབྱོར་ཕྱུག་བཅས་ཀྱི་གྲོང་གསེབ་དར་རྒྱས་གཏོང་བའི་འཆར་འགོད་དེ་ཡར་ཀླུང་གི་ས་གཞི་ཆེན་མོར་མགྱོགས་མྱུར་ལག་བསྟར་བྱེད་བཞིན་མཆིས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།