ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས། དཔའ་མཛངས་རྟུལ་ཕོད་མདུན་སྐྱོད་བྱེད།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-08-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

—— སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིང་ཆེན་དང་པུའུ་རིམ་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ལ་བོད་ལྗོངས་སུ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ།

ཟླ་7ཚེས་26ཉིན་དང་ཚེས་27ཉིན“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པར་བསུ་བ་ཞུ་བའི”ཆེད་དོན་བགྲོ་གླེང་འཛིན་གྲྭ་པེ་ཅིང་དུ་འཚོགས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་གསུང་བཤད་གལ་ཆེན་ལ་རང་ལྗོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཡོད། ཚང་མས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བློ་བརྟན་འགྱུར་མེད་ངང་བསམ་བློར་དྲག་ཆས་སྤྲས་ཏེ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ནས་དཔའ་ངར་ཆེར་སྐྱེད་དང་། དཔའ་མཛངས་རྟུལ་ཕོད་ངང་མདུན་སྐྱོད། མཐུན་སྒྲིལ་འབད་འཐབ་བཅས་བྱས་ཏེ་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་གི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བརྗོད་པ་རེད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་ཡོངས་ཀྱིས་ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་གྲུབ་འབྲས་གསར་ཤོས་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་གྱི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད། རིག་གནས་ཀྱི་གདེང་ཚོད་བཅས་བརྟན་དུ་བཏང་ནས་བློ་བརྟན་འགྱུར་མེད་ངང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ལོ་རྒྱུས་ཀྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་སློབ་སྦྱོང་བྱས་རྗེས་ལྷོ་ཁ་གྲོང་ཁྱེར་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་གྱི་ལས་བྱེད་པ་ཀྲང་དབྱིན་པོ་ཡིས“མིག་སྔར་རང་རྒྱལ་འདི་ཉིད་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཀྱི་ཕྱོགས་སུ་དཔུང་སྐྱོད་བྱེད་པའི་རྒྱང་ལམ་གསར་པར་སླེབས་ཡོད་པས་ང་ཚོ་ལོ་རྒྱུས་ཐོག་གི་དུས་སྐབས་གང་རུང་ཞིག་ལས་ཀྱང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་བརྗིད་ཆེའི་དམིགས་ཚད་མངོན་འགྱུར་བྱེད་རྒྱུ་དང་དེ་བས་ཐག་ཉེ་རུ་ཕྱིན་ཡོད། གངས་ལྗོངས་ས་མཐོར་འབད་འཐབ་བྱེད་མཁན་ཏང་ཡོན་ལས་བྱེད་པ་ཞིག་གི་ངོས་ནས་ང་ཚོས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གཡོ་འགུལ་སྤུ་ཙམ་མེད་པ་དང་རྒྱུན་སྲིང་ལྷོད་མེད་ངང་སློབ་སྦྱོང་ཡག་པོ་དང་། ལག་བསྟར་ཡག་པོ། དོན་འཁྱོལ་ཡག་པོ་བཅས་བྱས་ནས་རང་ངོས་ཀྱི་འཇོན་ཐང་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་སྟོབས་ཤུགས་ལེགས་སྐྱེས་འབུལ་རྒྱུ་ཡིན”ཞེས་བརྗོད་པ་རེད།

མཐའ་མཚམས་ཀྱི་འཐབ་ས་དང་པོར་འབད་འཐབ་བྱེད་མཁན་ཏང་ཡོན་ལས་བྱེད་པ་ལྷོ་ཁ་གྲོང་ཁྱེར་མཚོ་སྣ་རྫོང་སྐྱིད་པ་མོན་པ་མི་རིགས་ཤང་གི་ཤང་ཀྲང་བསོད་ནམས་བདེ་སྐྱིད་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་བྱམས་བརྩེའི་ཐུགས་ཁུར་འོག སྐྱིད་པ་མོན་པ་མི་རིགས་ཤང་དུ་སྣུམ་ནག་གཞུང་ལམ་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་པ་དང་། མཐའ་མཚམས་ཀྱི་འབྱོར་འབྲིང་གྲོང་ཚོ་བསྐྲུན་ནས་སྡོད་ཁང་གསར་པར་སྤོས་པ། བྲ་བོ་ཐོན་སྐྱེད་ལས་སྣོན་དང་བོད་ཕག་གསོ་ཚགས་སོགས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཡག་པོ་བྱུང་ཡོད་ལ། མི་རིགས་ཁག་གི་མང་ཚོགས་རྣམས་བདེ་སྐྱིད་ལྡན་པའི་འབྱོར་འབྲིང་འཚོ་བ་སྐྱེལ་བཞིན་ཡོད། ང་ཚོས་ནམ་ཡང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་ཀྱི་ཡིན་ཞེས་བརྗོད་པ་རེད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ནི་ལས་སླ་པོ་དང་རྔ་རྡུང་དར་འཕྱར་བྱས་ནས་མངོན་འགྱུར་ཐུབ་པ་ཞིག་མིན་པར། ངེས་པར་དུ་ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་མང་པོ་ལྡན་པའི་རླབས་ཆེན་འཐབ་རྩོད་བྱེད་ཕོད་པ་དང་དཀའ་ཚེགས་དེ་བས་ཆེ་ཞིང་དཀའ་སྡུག་དེ་བས་ཆེ་བའི་འབད་འཐབ་བྱེད་རྒྱུའི་གྲ་སྒྲིག་བྱེད་དགོས་ཞེས་ནན་བཤད་གནང་ཡོད།

“འདས་ཟིན་པའམ་ཡང་ན་ད་ལྟ། འབྱུང་འགྱུར་བཅས་གང་ཞིག་ཡིན་རུང་། ཏང་གི་གཟི་བརྗིད་སྲོལ་རྒྱུན་དང་ཕུལ་བྱུང་སྤྱོད་ཚུལ་ནི་ང་ཚོས་དཀའ་ངལ་ལ་མི་སྐྲག་པ་དང་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་སྐྱོད་ལ་སྐུལ་མ་གཏོང་བའི་བསམ་པའི་རྒྱུ་ནོར་རྩ་ཆེན་ཞིག་རེད” ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་ལིའུ་ཐའོ་ཡིས་ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་རྫོང་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་བྱེད་པའི་བསམ་བློའི་རྨང་གཞི་བརྟན་དུ་བཏང་སྟེ། བྱ་སྤྱོད་དངོས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་གི་ཡིན་ཞེས་བརྗོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།