ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་སུ་རྒྱུན་གཏན་གྱི་འགན་སྒྲུབ་ཕྱག་ལས་གནང་བ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-07-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་ཤས་བསྟུད་མར། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ་དང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ་བཅས་ཡིན་པའི་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་སུ་རྒྱུན་གཏན་གྱི་འགན་སྒྲུབ་ཕྱག་ལས་གནང་བ་མ་ཟད། ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ལས་འཛིན་ལྷན་ཚོགས་ཀྱི་ཚན་ཁག་གི་ཁོངས་མི་དང་ལྷན་དུ་ཆོས་ལུགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་། ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་ལག་བསྟར་ནན་ཏན། བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་མི་སྣར་མཐུན་སྒྲིལ་དང་འབྲེལ་གཏུག་རྒྱ་ཁྱབ་བཅས་བྱས་ཏེ། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་ཧུར་ཐག་བཏང་བ་རེད།

པཎ་ཆེན་རིན་པོ་ཆེས་སྔ་རྗེས་སུ་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་མི་སྣ་དང་ལྷན་དུ་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་ཞིབ་འཇུག་སྐུལ་འདེད་དང་། ན་གཞོན་སྤྲུལ་སྐུ་གསོ་སྐྱོང་སློབ་གསོ། “འདུ་ཤེས་གསུམ”གྱི་སློབ་གསོ་སོགས་ཀྱི་བཞུགས་མོལ་ཚོགས་འདུ་རབ་དང་རིམ་པ་འཚོགས་ཤིང་། ཁོང་གིས་བོད་བརྒྱུད་ནང་བསྟན་ལོ་ངོ་སྟོང་ཕྲག་མང་པོ་རྒྱུན་འཛིན་བྱས་པ་དེ་ནི་ནང་བསྟན་ཀྲུང་གོ་ཅན་གྱི་ཞིབ་ཕྲའི་འབྲས་བུ་ཞིག་རེད། དུས་རབས་གསར་པའི་བོད་བརྒྱུད་ནང་བསྟན་དེ་མེས་རྒྱལ་དང་མི་དམངས་ཀྱི་དགོས་མཁོ་དང་འཚམ་པ་དང་དུས་རབས་དང་ཤེས་དཔལ་གྱི་འབོད་སྒྲ་དང་བསྟུན་ཚེ་གཞི་ནས་སྐྱོན་བྲལ་འཕེལ་རྒྱས་ཀྱི་འབྱུང་འགྱུར་ཡོང་ཐུབ། དེང་རབས་ཀྱི་བོད་བརྒྱུད་ནང་བསྟན་དེ་ཀྲུང་ཧྭའི་རིག་གནས་ཀྱི་ཞིང་ས་གཤིན་པོར་དར་བར་བྱེད་པར་ཏང་དང་མི་དམངས་ཀྱི་རེ་བ་ཆེན་པོ་ལ་བརྟེན་ནས་མདུན་སྐྱོད་དང་། དུས་རབས་འཕེལ་རྒྱས་དང་ཟུང་འབྲེལ། མེས་རྒྱལ་སྟོབས་འབྱོར་ལྡན་པའི་ཁྲོད་དར་སྤེལ་བཅས་གཏོང་དགོས། བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་མི་སྣས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་འཆང་བ་དང་རང་ཉིད་ཀྱི་འགན་འཁྲི་དང་ལས་འགན་ལ་བསམ་གཞིག་ནན་པོ་བྱས་ནས། ཏང་ལ་དགའ་ཞེན་དང་། རྒྱལ་ཁབ་ལ་དགའ་ཞེན། ཆོས་ལུགས་ལ་དགའ་ཞེན་བཅས་ཀྱི་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་སྲུང་བྱས་ཏེ། མེས་རྒྱལ་གྱི་ཁེ་ཕན་ལ་སྲུང་སྐྱོང་བྱེད་མཁན་དང་མི་དམངས་ཀྱི་ཁེ་ཕན་ལ་སྲུང་སྐྱོང་བྱེད་མཁན་དང་། མེས་རྒྱལ་གྱི་ལངས་ཕྱོགས་ལ་བརྩི་བཀུར་ཞུ་མཁན་དང་མི་དམངས་ཀྱི་ལངས་ཕྱོགས་སྲུང་སྐྱོང་བྱེད་མཁན་ཞིག་བྱེད་དགོས་ཞེས་གསུངས་པ་རེད།

ཟླ་7ཚེས་11དང་12ཉིན། པཎ་ཆེན་རིན་པོ་ཆེས་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ལས་འཛིན་ལྷན་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་གསུམ་པ་འཚོགས་པ་དང་འབྲེལ་ལས་དོན་སྙན་ཞུ་ཡང་གནང་ཞིང་། ཁོང་གིས་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་པ་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། དགོན་སྡེའི་གྲྭ་བཙུན་རྣམས“འདུ་ཤེས་གསུམ”གྱི་སློབ་གསོའི་ནང་ཧུར་ཐག་ཞུགས་རྒྱུར་ཁྲིད་སྟོན་བྱས་ནས། ཆོས་ཁྲིམས་ལམ་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། ཆོས་ལུགས་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ཆོས་ལུགས་ཀྱི་སྡོམ་ཁྲིམས་ནན་དུ་གཏོང་བ། ཁྲིམས་སྲུང་སྒྲིག་བཀུར་དང་སྤྱོད་བཟང་གཞུང་དྲང་གི་ཆོས་སྲོལ་བཟང་པོ་གཏོད་པ། རང་ངོས་ཀྱི་དོ་དམ་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱས་ཏེ། སློབ་གསོའི་ཕན་འབྲས་དངོས་ལ་བརྟེན་ནས་བོད་བརྒྱུད་ནང་བསྟན་གྱི་ཁྱབ་ཁོངས་དང་ལྷག་པར་དུ་དགོན་སྡེ་ཞི་མཐུན་བརྟན་ལྷིང་གི་རྣམ་པ་བཟང་པོ་སྲ་བརྟན་དང་འཕེལ་རྒྱས་གཏོང་དགོས་ཞེས་གསུངས་པ་རེད།

པཎ་ཆེན་རིན་པོ་ཆེས་ད་དུང་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱི་བོད་བརྒྱུད་ནང་བསྟན་གྱི་འཆད་ཁྲིད་སྤེལ་རེས་ཚོགས་འདུ་སྐབས་བདུན་པ་གཙོ་སྐྱོང་གནང་བ་དང་འབྲེལ་བགྲོ་གླེང་ཡང་གནང་བ་རེད།

དེའི་རིང་པཎ་ཆེན་རིན་པོ་ཆེས་ནང་བསྟན་མཐུན་ཚོགས་ལས་ཁུངས་དང་ལྷ་ས་རྨེ་རུ་པར་ཁང་དུ་ཕེབས་ནས་བརྟག་ཞིབ་དང་མཛུབ་ཁྲིད་གནང་བ་དང་། བོད་ལྗོངས་ནང་བསྟན་སློབ་གླིང་དུ་ཕེབས་ནས“མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱས་ནས་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་ཐུན་མོང་ཐོག་མངོན་འགྱུར་བྱེད”ཅེས་པའི་རྡོ་རིང་གི་ཁེབས་རས་ཕྱེ་བ་དང་འབྲེལ་དབང་ཡང་བསྐུར་གནང་བ། བོད་དམག་ཁུལ་ཁང་གི་དམག་དོན་ལོ་རྒྱུས་ཁང་དུ་གཟིགས་སྐོར་དང་སློབ་སྦྱོང་ལ་ཕེབས་པ། 2023ལོའི་ལོ་འཁོར་གྱི་བོད་བརྒྱུད་ནང་བསྟན་གྱི་དཔེ་ཆ་བས་དགེ་བཤེས་ལྷ་རམས་པའི་སློབ་གནས་བཞེས་པའི་དབྱར་དུས་ཀྱི་གྲ་སྒྲིག་རྒྱུགས་ལེན་གྱི་འགོ་ཚུགས་མཛད་སྒོར་ཞུགས་པ་མ་ཟད། ལྷ་སའི་དགའ་ལྡན་དགོན་དང་རྨེ་རུ་དགོན་དུ་ཆོས་ཕྱོགས་ཀྱི་མཛད་སྒོ་ཡང་སྤེལ་གནང་བ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།