ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

བོད་རང་སྐྱོང་ལྗོངས་ཀྱིས་སྒོར་ཁྲི་བདུན་སྟོང་གི་ཁ་གསབ་སྤྲད་དེ་འཛད་སྤྱོད་ཁྲོམ་ར་དར་རྒྱས་ཡོང་བར་རམ་འདེགས་བྱ་རྒྱུ་རེད།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-07-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་མོས་མཐུན་ཐོབ་པ་བརྒྱུད། རང་སྐྱོང་ལྗོངས་ཚོང་དོན་ཐིང་གིས“ཁེ་ལས་ལ་རམ་འདེགས་ཀྱིས་དམངས་ལ་ཕན་པ་བསྐྲུན། དགའ་དགའ་སྤྲོ་སྤྲོའི་ངང་ནས་བོད་དུ་འཛད་སྤྱོད་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་འཛད་སྤྱོད་སྐུལ་སྤེལ་བྱེད་སྒོ་སྒྲིག་འཛུགས་བྱས་ཏེ་སྤེལ་བ་དང་བྱེད་སྒོ་དེ་ཟླ་6པ་ནས་ཟླ་12པའི་ཟླ་མཇུག་བར་རྒྱུན་མཐུད་ནས་སྤེལ་རྒྱུ་ཡིན་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། གྲོང་ཁྱེར་དང་ས་ཁུལ་ཁག་གིས་འཛད་སྤྱོད་འཛིན་ཤོག་སྤྲོད་པའི་ཐད། བོད་དུ་སྡོད་མཁན་དང་བོད་དུ་ཡོང་མཁན་གྱིས་བྱེད་སྒོའི་ནང་ཞུགས་པའི་བཟའ་བཏུང་སིལ་ཚོང་ཚོང་དུད་དུ་དངུལ་འབོར་ངེས་ཅན་འཛད་སྤྱོད་བྱས་ན་བཟའ་བཏུང་སིལ་ཚོང་གི་འཛད་སྤྱོད་འཛིན་ཤོག་སྤྲོད་པ་དང་། རླངས་འཁོར་གཤམ་སྤེལ་བྱེད་པའི་ཐད། ལྗོངས་ནང་ཁུལ་གྱི་གྲོང་གསེབ་ཀྱི་ཐེམ་ཐོ་ཡིན་པའི་ཞིང་འབྲོག་མང་ཚོགས་ཀྱིས་ནུས་རྒྱུ་གསར་པའི་རླངས་འཁོར་རམ་ཡང་ན་རླངས་འབུད་ཚད་གཞི་ཧྲེང་2.0མན་གྱི་རླངས་འཁོར(ཉིས་བརྒྱུད་རླངས་འཁོར་ཚུད་མེད)ཉོས་ཚེ་རླངས་འཁོར་གཤམ་སྤེལ་གྱི་ཁ་གསབ་སྤྲོད་པ། ཁྱིམ་སྤྱོད་གློག་ཆས་དང་ཁྱིམ་ཆས་གཤམ་གཏོང་བྱེད་པའི་ཐད། ཁྱིམ་སྤྱོད་གློག་ཆས་དང་ཁྱིམ་ཆས་ཕྱིར་ཚོང་བྱེད་པའི་གོང་ཚད་ཀྱི་15%གཞིར་བཟུང་། ལྗོངས་ནང་ཁུལ་གྱི་གྲོང་གསེབ་ཀྱི་ཐེམ་ཐོ་ཡིན་པའི་ཞིང་འབྲོག་མང་ཚོགས་སོགས་མི་ཚོགས་ཀྱིས་ལྗང་མདོག་རིག་ནུས་ཁྱིམ་སྤྱོད་གློག་ཆས་དང་ཁོར་ཡུག་སྲུང་སྐྱོང་གི་ཁྱིམ་ཆས་ཉོས་ཚེ་ཁ་གསབ་སྤྲོད་པ་དང་ཁ་གསབ་དངུལ་གྲངས་མང་ཤོས་བཀོད་སྒྲིག་བྱ་རྒྱུ་རེད། 

དེ་དང་ཆབས་ཅིག གྲོང་ཁྱེར་དང་ས་ཁུལ་ཁག་གིས་ལྗོངས་ནང་ཁུལ་གྱི་ཁེ་ལས་ཀྱི“བོད་ཀྱི་ཐོན་རྫས་དྲ་ཐོག་ནས་འཚོང་བའི”བྱེད་སྒོར་རྒྱབ་སྐྱོར་བྱས་ནས་དྲ་ཐོག་ཚོང་དོན་ལས་སྟེགས་དང་ཐད་གཏོང་བྱས་ཏེ་ཅ་ལག་འཚོང་བ་སོགས་ཀྱི་བྱ་ཐབས་བརྒྱུད་རང་ལྗོངས་ཀྱི་སྐད་གྲགས་ཆེ་བ་དང་། སྤུས་ཀ་ལེགས་པ། ཁྱད་ཆོས་ལྡན་པ་བཅས་ཀྱི་ཚོང་ཟོག་འཚོང་བ་དང་འབྲེལ། དྲ་ཐོག་ཚོང་འབོར་ཚད་གཞི་ངེས་ཅན་ཞིག་ཏུ་སླེབས་པའི་ཚོང་དོན་འཁོར་རྒྱུག་ཁེ་ལས་ལ་བྱ་དགའི་དངུལ་སྤྲོད་ཀྱི་ཡོད། སྤུས་རྟགས་མུ་སྦྲེལ་ཁེ་ལས་ཀྱིས་ཚོང་ཁང་ཅུང་ཉུང་བའི་གྲོང་མི་སྡོད་ཁུལ་དུ་སྤུས་རྟགས་མུ་སྦྲེལ་སྟབས་བདེའི་ཚོང་ཁང(མནའ་ཞུགས་ཚོང་ཁང་མི་ཚུད་པ)གི་གྲངས་འབོར་ངེས་ཅན་ལས་བརྒལ་བ་དང་ཚོང་འབོར་ཚད་གཞི་ངེས་ཅན་ཞིག་ཏུ་སླེབས་ན་བྱ་དགའི་དངུལ་སྤྲོད་ཀྱི་ཡོད།

གཞན་ཡང་། རང་ལྗོངས་ཀྱིས་གྲོང་ཁྱེར་དང་ས་ཁུལ་ཁག་དང་། ལས་རིགས་ཚོང་ཚོགས་དང་མཐུན་ཚོགས། ཚོང་དོན་འཁོར་རྒྱུག་ཁེ་ལས་བཅས་ཀྱི་བྲིན་ཚོང་བྱེད་སྒོ་སྣ་ཚོགས་ལ་རྒྱབ་སྐྱོར་ཧུར་ཐག་བྱ་རྒྱུ་དང་། རང་སྐྱོང་ལྗོངས་ཚོང་དོན་ཐིང་གིས་ཚོང་འབོར་ཚད་གཞི་ངེས་ཅན་སླེབས་པའི་ཚོང་གཉེར་འགན་ཁུར་ཚན་པར་བྱ་དགའི་དངུལ་སྤྲད་དེ་བྲིན་ཚོང་བྱེད་སྒོ་ཕུན་སུམ་ཚོགས་སུ་གཏོང་རྒྱུ་མ་ཟད། ད་དུང་2022ལོའི་ལོ་འཁོར་གྱི་རེ་ཞུའི་ཆ་རྐྱེན་འཛོམས་པའི་གསར་དུ་བསྣན་པའི་གྲངས་བཅད་ཡན་གྱི་ཚོང་དོན་འཁོར་རྒྱུག་ཁེ་ལས་ལ་བྱ་དགའི་དངུལ་སྒོར་ཁྲི་8སྤྲོད་རྒྱུ་རེད། འཛད་སྤྱོད་འཛིན་ཤོག་སྤྲོད་པ་དང་བྱ་དགའི་དངུལ་རེ་ཞུ་སོགས་ཀྱི་ཞིབ་ཕྲའི་གནས་ཚུལ་རང་སྐྱོང་ལྗོངས་ཚོང་དོན་ཐིང་དང་གྲོང་ཁྱེར་དང་ས་ཁུལ་ཁག་གི་ཚོང་དོན་ཅུས་ཀྱི་སྤྱི་བསྒྲགས་ནང་གསལ་པོ་འཁོད་ཡོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།