ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་ཀྱིས་སྐྱེ་ཁམས་ཁོར་ཡུག་གི་ཡིག་འབུལ་ཞུ་བཅར་ཐེར་འདོན་གྱོད་གཞི་དག་ཐེར་སྒྲུབ་སྐུལ་ལ་དམ་འཛིན་ནན་པོ་དང་། ཏན་ཏིག ཞིབ་ཚགས་བཅས་བྱས་པ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-03-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མང་ཚོགས་ཀྱི་ཡིག་འབུལ་ཞུ་བཅར་ཐེར་འདོན་བདག་སྤྲོད་བྱ་རྒྱུ་ནི་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གྱི་ཆ་འཕྲིན་ཡོང་ཁུངས་གལ་ཆེན་ཞིག་དང་མི་དམངས་མང་ཚོགས་ཀྱི་ཉེ་འགྲམ་དུ་ཐོན་པའི་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་མངོན་གསལ་དོད་རིགས་ཐག་གཅོད་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་རེད། ཟླ་3ཚེས་25ཉིན་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་བཞི་པ་བོད་དུ་བཅའ་སྡོད་བྱས་ཏེ་ལྟ་བཤེར་དང་འབྲེལ་ཐེར་འདོན་ཁ་པར་དང་ཡིག་སྒམ་ཁྱབ་བསྒྲགས་བྱས་ནས་ཡིག་འབུལ་ཞུ་བཅར་ཐེར་འདོན་གྱོད་གཞི་དང་འབྲེལ་བའི་འབྲེལ་ཡོད་གྲོང་ཁྱེར་དང་ས་ཁུལ་ཁག་གིས། ཀྲུང་དབྱང་ལྟ་བཤེར་ཚོགས་ཆུང་དང་། ལྗོངས་ཏང་ཨུད། སྲིད་གཞུང་བཅས་ཀྱི་བཀོད་སྒྲིག་བླང་བྱར་གཞིགས་ནས་ཚད་གཞི་མཐོ་པོས་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་དང་། གནད་དོན་དག་ཐེར་བྱེད་རྒྱུར་དམིཌ་པ། སྒྲུབ་རིམ་ཚད་ལྡན་དུ་གཏོང་བ། ཡིག་འབུལ་ཞུ་བཅར་ཐེར་འདོན་གྱོད་གཞི་དག་ཐེར་སྒྲུབ་སྐུལ་བྱེད་པར་དམ་འཛིན་ནན་པོ་དང་། ཏན་ཏིག ཞིབ་ཚགས་བཅས་བྱས་ནས་དོན་དག་ཚང་མར་འདི་བྱས་འདི་མིན་གྱི་ལན་གསལ་པོ་ཡོད་པར་བྱས་ཡོད།

ལྷ་ས་གྲོང་ཁྱེར་ལ་བསྒྲུབ་རྒྱུར་རྩིས་སྤྲད་པའི་གྱོད་གཞི་ཁག་དང་པོ་འབྱོར་རྗེས་འགོ་ཁྲིད་གཙོ་བོ་སྐུ་ངོ་མས་འགོ་ཁྲིད་པ་དང་སྔོན་ཚུད་ནས་བཀོད་འདོམས་བྱས་ཏེ་བསྒྲུབ་རྒྱུར་སྤྲད་པའི་གྱོད་གཞིར་འཕྲལ་མར་མཆན་བཀོད་མཛུབ་སྟོན་བྱས་པ་དང་འཕྲལ་མར་ཡུལ་དངོས་སུ་བསྐྱོད་དེ་གྲོང་ཁུལ་གྱི་ཁོར་ཡུག་འཕྲོད་བསྟེན་དང་། གཞུང་ལམ་འགྲིམ་འགྲུལ། གྲོང་ཁྱེར་དོ་དམ་གྱི་རྨང་གཞིའི་སྒྲིག་བཀོད། འཛེར་སྒྲའི་སྦགས་བཙོག ཨར་སྐྲུན་གད་སྙིགས་སོགས་གཙོ་གནད་གནད་དོན་ལ་ཡུལ་དངོས་སུ་ལྟ་སྐུལ་མཛུབ་ཁྲིད་བྱས་པ་རེད། དོན་གནད་རེ་རེ་བཞིན་གྲལ་བཤེར་དང་། ཞིབ་འཇུག དབྱེ་ཞིབ་བཅས་བྱས་པ་བརྒྱུད་གནད་དོན་གྱི་འགག་རྩ་འཚོལ་ཞིབ་ཡང་དག་དང་། གནད་དོན་གྱི་ངོ་བོ་འཚོལ་ཞིབ་ཡང་དག ཚད་བརྒལ་གྱི་ཁ་ཕྱོགས་འཚོལ་ཞིབ་ཡང་དག་བཅས་བྱས་ནས་བརྟག་དཔྱད་གནད་ལ་འཁེལ་བ་དང་། བྱ་ཐབས་གོ་ཆོད་པ། མང་ཚོགས་བློ་ཡིད་ཚིམ་པ་བཅས་བྱས་ཡོད།

གཞིས་རྩེ་གྲོང་ཁྱེར་གྱིས་དག་ཐེར་སྒྲུབ་སྐུལ་ལས་དོན་ལམ་སྲོལ་ལག་བསྟར་བྱེད་འགོ་བཙུགས་ནས་རིགས་གཅིག་མཁས་ཅན་གྱི་བློ་འདྲི་ཚོགས་ཆུང་སྒྲིག་འཛུགས་བྱས་ཏེ། དབྱེ་ཞིབ་བརྡར་གཅོད་ཚོགས་འདུ་འཚོགས་ཏེ་འགན་འཁྲིའི་བྱེད་པོ་ཁ་གསལ་བཟོས་པ་དང་གྱོད་གཞིའི་གནས་ཚུལ་ཞིབ་དཔྱད་བྱས་པ་རེད། བཞད་མཐོང་སྨོན་རྫོང་མྱང་ར་ཤང་ཀོ་གཤམ་གྲོང་ཚོའི་པའོ་ཞང་གཏེར་ལས་དང་ཀྲུང་རུའེ་གཏེར་ལས་ཀུང་སིའི་ཁོར་ཡུག་ཐེར་འདོན་གནད་དོན་ལ་དམིགས་ནས་སྒྲུབ་སྐུལ་ཚོགས་ཆུང་སྒྲིག་འཛུགས་ཀྱིས་ཡུལ་དངོས་སུ་བསྐྱོད་དེ་ས་གནས་དེ་གའི་མང་ཚོགས་ཀྱི་ས་ནས་ཐེར་འདོན་གྱི་གནས་ཚུལ་ཤེས་རྟོགས་བྱས་པ་དང་། དཔྱད་གཞི་འཚོལ་ཀློག་དང་། བརྙན་པར་འཚོལ་བསྡུ། མང་ཚོགས་ལ་འདྲི་རྟོག་སོགས་ཀྱི་རྣམ་པར་བརྟེན་ནས་དཔང་རྟགས་བཙལ་ཏེ་གྱོད་གཞིའི་འབྱུང་ལུགས་འབྱུང་སྟངས་གནད་ལ་འཁེལ་པོས་ཁོང་དུ་ཆུད་པར་བྱས་ནས་གནས་ཚུལ་གསལ་རྟོགས་དང་གྲུབ་འབྲས་གནད་འཁེལ་ཡོང་བ་བྱས་པ་དང་འབྲེལ། དམིགས་སའི་རང་བཞིན་དང་བཀོལ་སྤྱོད་རང་བཞིན་ལྡན་པའི་དག་ཐེར་བྱ་ཐབས་ཞིབ་འཇུག་བྱས་ནས་བཏོན་ཏེ་དག་ཐེར་དོན་ཐོག་ཏུ་ཞིབ་ཕྲ་འཁྱོལ་བའི་འགན་ལེན་བྱས་པ་རེད།

ཉིང་ཁྲི་གྲོང་ཁྱེར་གྱིས་མང་ཚོགས་ཀྱི་ཡིག་འབུལ་ཞུ་བཅར་ཐེར་འདོན་གྱོད་གཞི་ཐག་གཅོད་བྱ་རྒྱུ་དེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་དམངས་འཚོའི་བདེ་རྩ་འགན་ལེན་བྱེད་པའི་འགག་རྩའི་དམ་འཛིན་བྱ་གཞིར་བརྩིས་ནས། འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་ས་གནས་དེ་གའི་བོད་ཕག་གི་རྒྱུད་སྤེལ་རྟེན་གཞིར་བསྐྱོད་ནས་ཡུལ་དངོས་སུ་ལྟ་སྐུལ་མཛུབ་ཁྲིད་བྱས་པ་རེད། “རྟེན་གཞིའི་དྲི་ངན་ཤུགས་ཆེ་བའི་རྐྱེན་གྱིས་ཉེ་འཁོར་གྱི་གྲོང་མིའི་འཚོ་བར་ཤུགས་རྐྱེན་ཐེབས་པའི”གནད་དོན་ལ་དམིགས་ཏེ་དག་ཐེར་འགན་འཁྲིའི་ཚན་པས“གྲོང་ཚོའི་གནས་ཚུལ་དང་དམངས་ཀྱི་འདོད་བློ”ཁྲིད་སྟོན་དུ་བྱས་ནས་བྱེད་པོའི་འགན་འཁྲི་དོན་འཁྱོལ་ནན་པོ་བྱེད་པ་དང་། རྒྱུད་སྤེལ་འཁོར་སྐྱོད་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། “ཉིན་ལྟར་གཙང་སེལ་བྱ་རྒྱུ”ལག་ལེན་བསྟར་བ། སྒྲིག་སྲོལ་ལམ་ལུགས་འཛུགས་པར་སྐུལ་འདེད་གཏོང་བ། དག་ཐེར་གྱི་དམིགས་ཚད་དང་སྤུས་ཚད་ཀྱི་བླང་བྱ་ཁ་གསལ་བཟོ་བ་བཅས་བྱས་ནས། དག་ཐེར་ལས་དོན་ལ་མི་དམངས་མང་ཚོགས་བློ་ཡིད་ཚིམ་པོ་ཡོང་བ་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

ལྷོ་ཁ་གྲོང་ཁྱེར་གྱིས་ཡུལ་དངོས་སུ་གཞུང་དོན་སྒྲུབ་ནས་དག་ཐེར་དོན་འཁྱོལ་ལ་སྐུལ་འདེད་བཏང་སྟེ་གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱི་དག་ཐེར་ཆེད་སྒྲུབ་ཚན་ཁག་དང་འབྲེལ་ཡོད་འགན་འཁུར་བློ་མཐུན་འཕྲལ་དུ་ཡུལ་དངོས་སུ་བསྐྱོད་ནས་ཞིབ་བཤེར་བྱས་པ་དང་། ཁེ་ལས་ཀྱི་འགན་འཁུར་བ་དང་། འབྲེལ་ཡོད་རིགས་གཅིག་མཁས་ཅན། ལག་རྩལ་མི་སྣ་བཅས་དང་ཡུལ་དངོས་སུ་གཞུང་དོན་སྒྲུབ་པའི་ཚོགས་འདུ་འཚོགས་ནས་དག་ཐེར་གྱི་བྱ་ཐབས་གྲོས་བསྡུར་བྱས་ཏེ་དག་ཐེར་ཀྱི་འགན་འཁྲི་དང་། ཚད་གཞིའི་བླང་བྱ། ཞིབ་ཕྲའི་དུས་བཀག་བཅས་རིམ་པ་བཞིན་ཁ་གསལ་བཟོས་ནས་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་གནད་དོན་ལ་ལན་ཏན་ཏིག་བསློགས་པ་རེད།

ནག་ཆུ་གྲོང་ཁྱེར་གྱིས་རྩ་ལག་མཉམ་བཅོས་མངོན་གསལ་དོད་པ་དང་བརྒྱུད་རིམ་ལྡན་པའི་སྐུལ་སྤེལ་བཏང་ནས་ཀྲུང་དབྱང་ལྟ་བཤེར་ཚོགས་ཆུང་གིས་བསྒྲུབ་རྒྱུར་རྩིས་སྤྲད་པའི“ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ནག་ཆུ་གྲོང་རྡལ་གྱི་འཚོ་བའི་ཁོར་ཡུག་བཙོག་ཟིང་ཞན་གསུམ་གྱི་གནད་དོན་སྐོར”གྱི་གྱོད་གཞི་དག་ཐེར་ལ་སྒྲུབ་སྐུལ་བྱ་རྒྱུ་དེ་ལས་འགན་གཙོ་བོར་བརྩིས་ནས། མང་ཚོགས་ཀྱིས་གླེང་མང་བའི་ཁྲོམ་གཞུང་གི་འཕྲོད་བསྟེན་དང་། གསང་སྤྱོད་བཅོས་སྒྲིག རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། འཐུང་ཆུའི་བདེ་འཇགས་སོགས་ཀྱི་གནད་དོན་ལ་དམིགས་ཏེ་འབྲེལ་ཡོད་སྡེ་ཚན་ལ་གྲོང་ཁུལ་གྱི་ཁོར་ཡུག་འཕྲོད་བསྟེན་ལ་གྲལ་བཤེར་ཆེན་པོ་དང་། གཙང་སེལ་ཆེན་པོ། བཅོས་སྒྲིག་ཆེན་པོ་བཅས་ཀྱི་བྱ་སྤྱོད་མྱུར་དུ་སྤེལ་འགན་དཀྲིས་པས། མིག་སྔར་གཙང་སྦྲའི་གནད་དོན་ཕྱོགས་ཡོངས་ནས་དག་ཐེར་བྱ་རྒྱུར་དམ་འཛིན་ཡག་པོ་བྱུང་བ་མ་ཟད། ཟུར་བསྟན་ལེབ་མཐོང་དང་རྩ་ལག་མཉམ་བཅོས་ལ་དེ་བས་མཐོང་ཆེན་བྱས་ཏེ་ཕྱོགས་ཀུན་ནས་བསམ་གཞིག་དང་ཞིབ་འཇུག་གཏིང་ཟབ་བྱེད་པ་དང་། གཙོ་བོ་དོ་དམ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་སྐོར་ཞིབ་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་དག་ཐེར་གྱི་ཇུས་གཞི་ནན་ཏན་ངང་བཟོས་ཏེ་དག་ཐེར་གྱི་ལས་དོན་གཏིང་ཟབ་དང་ཏན་ཏིག་ཡོང་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།