ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་རྟེན་རྫས་བཤམས་མཛོད་ཁང་གིས་ལྔ་བའི་བ་གཞིའི་དུས་ཆེན་ལ་འཕྲད་པའི་རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོའི་སྤྱི་ཚོགས་སློབ་གསོའི་བྱེད་སྒོ་སྤེལ་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཕག་གྲུ་ཡིས་བསྒྱུར།   སྤེལ་དུས། : 2024-06-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས8ཉིན2024ལོའི་རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོ་དེ་ལྔ་པའི་བ་གཞིའི་དུས་ཆེན་གྱི་གུང་གསེང་གི་ཉིན་དང་པོར་ཁེལ་ཞིང་། གཞོན་ནུ་ལོ་ཆུང་གི་རིག་གནས་དང་རང་བྱུང་ཤུལ་བཞག་སྲུང་སྐྱོང་འདུ་ཤེས་སྔར་བས་ཆེ་རུ་གཏོང་བ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བ། རིག་དངོས་དང་མངོན་མིན་ཤུལ་བཞག་སྲུང་སྐྱོང་གི་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་གཏོད་ཆེད། མཚོ་སྔོན་ཞིང་ཆེན་རྟེན་རྫས་བཤམས་མཛོད་ཁང་གིས“སྨྱུག་མའི་འབྲུག་གྲུ་ལྔ་པའི་ཚེས་ལྔའི་དུས་ཆེན་གྱི་རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོ་དང་འཕྲད་པའི”སྤྱི་ཚོགས་སློབ་གསོའི་བྱེད་སྒོ་གཉེར་བ་དང་། ཕ་མ་དང་བུ་ཕྲུག་གི་གྲུབ་པའི་ཁྱིམ་ཚང་ཚོ་ཆུང30ཐེངས་འདིའི་བྱེད་སྒོར་ཞུགས། 

ཐེངས་འདིའི་བྱེད་སྒོའི་ནང“ཁྱེད་ཀྱིས་ཤེས་མེད་པའི་ལྔ་པའི་བ་གཞིའི་དུས་ཆེན”ནང་དོན་གཙོ་བོར་བྱས་ནས་ཤེས་བྱའི་སློབ་ཚན་གྱི་བརྗོད་ཚུལ་སྤེལ་བ་རེད། ལས་དོན་མི་སྣས་བཤམས་སྟོན་ཁང་དུ་ཉར་ཚགས་བྱས་པའི་རིག་དངོས་སྤུས་དག་གིས“སྦལ་ནག་སྨྱུ་གུ་གཙང་མར་བཀྲུ་བའི”ཐོག་ནས་ཚང་མར“དུག་ལྔ”ཞེས་པའི་ཐ་སྙད་ཁྱབ་གདལ་བཏང་བ་དང་འབྲེལ་ཀྲུང་གོའི“དུག་ལྔ”རིག་གནས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ངོ་སྤྲོད་ཀྱང་བྱས་པ་རེད། རྒྱལ་ཁབ་རིམ་པའི་གཟུགས་འདས་རིག་གནས་ཤུལ་བཞག་དེ“བོད་གཏོ”ལ་དཔེ་བཞག་ན། སྤྱི་ཚོགས་སློབ་གསོ་མི་སྣས་འདི་ལོའི་རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོའི་བརྗོད་དོན་གཙོ་བོའི“རིག་དངོས་སྲུང་སྐྱོང་དང་ཤེས་དཔལ་རྒྱུན་འཛིན”དང་ཟུང་འབྲེལ་བྱས་ཏེ་ཚང་མའི་སྣེ་ཁྲིད་དེ་ཐུན་མོང་ཐོག་མངོན་མིན་རིག་གནས་ཤུལ་བཞག་འཚོལ་ཞིབ་དང་མངོན་མིན་རིག་གནས་ཤུལ་བཞག་གི་ཡིད་དབང་འཕྲོག་ཤུགས་མྱོང་ཚོར་བྱེད་བཞིན་ཡོད། 

གྲོང་ཁྱེར་ཅན་དུ་འགྱུར་བའི་འཕེལ་རིམ་ཇེ་མགྱོགས་སུ་ཕྱིན་པ་དང་བསྟུན་ནས། ལྔ་པའི་བ་གཞིའི་གོམས་སྲོལ་ཁ་ཤས་རིམ་བཞིན་མི་རྣམས་ཀྱི་འཚོ་བའི་ཁྲོད་དུ་མེད་པར་གྱུར་ཡོད།“ལྔ་པའི་བ་གཞིའི་རྩྭ་འཐབ”ནི་དེའི་ནང་གི་གྲས་ཤིག་ཡིན། ད་ཐེངས་ཀྱི་བྱེད་སྒོའི་རྗེས་མའི་ཁག་ཏུ་ལས་དོན་མི་སྣས“ལྔ་པའི་བ་གཞིའི་དུས་སུ་རྩྭ་འཐབ་པ”དང“འབྲུག་གྲུ་བརྒལ་བའི”གོམས་སྲོལ་རྒྱབ་ཀྱི་རིག་གནས་ཤེས་བྱ་བརྗོད་པས་ཕྲུ་གུ་ཚོས་བསྔགས་བརྗོད་ཡང་ཡང་བྱེད་བཞིན་ཡོད། མཉམ་འགུལ་ཉམས་ལེན་གྱི་གོ་རིམ་དུ་ཁྱིམ་བདག་དང་ཕྲུ་གུ་ཚོས་མཉམ་དུ་ལག་པ་བསྟར་ནས་ལྔ་པའི་བ་གཞིའི་དུས་ཆེན་གྱི་སྨྱུག་མའི་གྲུ་གཟིངས་བཟོས་ཏེ་མཉམ་དུ་སྤྲོ་སྣང་གི་ཕ་བུའི་དུས་ཚོད་རོལ་བཞིན་ཡོད། 

ཐེངས་འདིའི་བྱེད་སྒོའི་ཐོག་ནས་ཚང་མས་ལྔ་པའི་བ་གཞིའི་དུས་ཆེན་རྒྱབ་ཀྱི་རིག་གནས་ནང་དོན་སྔར་བས་ཤེས་རྟོགས་ཐུབ་པ་དང་སྲོལ་རྒྱུན་རིག་གནས་ཀྱི་དྲན་ཤེས་སད་དུ་བཅུག་ནས། གཟུགས་འདས་རིག་གནས་ཤུལ་བཞག་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་མྱོང་ཚོར་བྱས། །

 
རྩོམ་སྒྲིག་པ། : འཕགས་མོ་དོན་འགྲུབ།