ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིས་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་གནད་དོན་ཐག་གཅོད་ལེགས་པོ་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2024-06-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་བར་ནི་མཐར་ཕྱིན་སློབ་མའི་ལས་ཞུགས་ལས་དོན་གྱི་འགག་རྩའི་དུས་སྐབས་སུ་སླེབས་ཡོད་པས། མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིས་རང་འགུལ་ངང་བྱ་འགུལ་སྣ་ཚོགས་སྤེལ་བ་དང་། གནད་ལ་འཁེལ་བའི་ཞབས་ཞུ་སྤེལ་བ་དང་ཐབས་ལམ་མང་པོའི་བརྒྱུད་དེ་ལས་ཞུགས་ལས་གནས་རྒྱ་ཆེར་གཏོང་བ། ཐབས་བརྒྱ་ཇུས་སྟོང་གིས་མཐར་ཕྱིན་སློབ་མའི་ལས་ཞུགས་ལས་གཏོད་ལ་སྐུལ་འདེད་གཏོང་བ་བཅས་བྱས། ད་ལོ་ནས་བཟུང་ལས་རིགས་བགར་བ་དང་ཐེངས་མང་པོ་བཀོད་སྒྲིག་བྱས་ཏེ་མཐར་ཕྱིན་སློབ་མའི་ཆེད་མངགས་གདན་ཞུའི་བྱེད་སྒོ་ཐེངས106སྤེལ་བ་དང་། ལས་གནས་ཆ་འཕྲིན་ཁྲི4.2ལྷག་ཁྱབ་བསྒྲགས་བྱས་ཏེ། སྐབས་འདིའི་དཀའ་ངལ་ཡོད་པའི་མཐར་ཕྱིན་སློབ་མར9408ལ་ཐེངས་གཅིག་རང་བཞིན་གྱི་ལས་ཞུགས་ལས་གཏོད་ཁ་གསབ་མ་དངུལ་སྒོར་ཁྲི་940.8འགྲེམ་གཏོང་བྱས།

ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིས“མི་ཤུགས་དང་སྤྱི་ཚོགས་ཞབས་ཞུ་ཁྱིམ་ཚང་མང་པོར་བསྐྱལ་བ”ཞེས་པའི་བྱེད་སྒོ་གཞི་རྟེན་དུ་བྱས་ནས། 2024ལོའི་མཐར་ཕྱིན་སློབ་མའི་ལས་ཞུགས་ཞབས་ཞུའི་འགག་སྒྲོལ་བྱ་འགུལ་ལག་བསྟར་བྱས་པ་དང་། “ལས་གནས་ཀྱིས་མ་འོངས་ཁྲིད་སྟོན་བྱེད་པ”བརྫོད་དོན་ཡིན་པའི་བྱ་འགུལ་རབ་དང་རིམ་པའི་མཐར་ཕྱིན་སློབ་མའི་ཆེད་དོན་གདན་ཞུའི་བྱེད་སྒོ་སྤེལ་བ་བརྒྱུད། ཧུར་ཐག་སྒོས་མི་ཤུགས་ཐོན་ཁུངས་སྦྲེལ་མཐུད་སྟེགས་བུ་བསྐྲུན་ཏེ། ལས་ཞུགས་ཐབས་ལམ་རྒྱ་ཆེར་བཏང་། ཤར་ནུབ་རྒྱུད་ཀྱི་ངལ་ལས་མཉམ་ལས་དང་མཚོ་སྔོན་ཞིང་ཆེན་ཁ་གཏད་རོགས་སྐྱོར་དང་འབྲེལ་མཐུད་བྱས་ནས་མཐར་ཕྱིན་སློབ་མའི“ཚོགས་སྒྲིག་རྣམ་པའི”ཕྱི་རུ་སོང་ནས་ལས་ཞུགས་བྱེད་པར་སྟེགས་བུ་བསྐྲུན་པ་དང་། བསྡོམས་པས་མི་ཐེངས945ཞིང་ཆེན་གཞན་དུ་ལས་ཞུགས་དང་དངོས་སྦྱོང་བྱེད་དུ་བསྐྱོད་པར་རྩ་འཛུགས་བྱས་པ་དང་གཞན། ལས་ཞུགས་ལྟ་སྦྱོང་ལས་གནས་བསྡུ་བའི་འཆར་གཞི་ལ་སྐུལ་འདེད་བཏང་ནས། བསྡོམས་པས་མཐར་ཕྱིན་སློབ་མའི་ལས་ཞུགས་ལྟ་སྦྱོང་རྟེན་གཞི239བཙུགས་པ་དང་ལྟ་སྦྱོང་ལས་གནས1246བསྡུ་རུབ་བྱས།

དུས་མཚུངས་སུ་རྩལ་ནུས་གསོ་སྦྱོང་གནད་ལ་འཁེལ་བའི་སྒོ་ནས་སྤེལ་བ་དང་། ལག་རྩལ་བཟོ་ལས་སློབ་གླིང་དང་ལས་རིགས་སློབ་གླིང་སོགས་ཀྱིས་ལས་ཞུགས་ཀྱི་དགོས་མཁོ་དང་ས་གནས་སོ་སོའི་ཐོན་ལས་འཕེལ་རྒྱས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཐོག མཐར་ཕྱིན་སློབ་མར་ཕྱོགས་ནས་ཁ་ཕྱོགས་གཏན་འཁེལ་དང་། ལས་གནས་གཏན་འཁེལ་དང་མངགས་ཐོ་བཅས་ཀྱི་གསོ་སྦྱོང་བྱས་ཏེ། སྤུས་ལེགས་གསོ་སྦྱོང་ཐོན་ཁུངས་མཐར་ཕྱིན་སློབ་མའི་རྩལ་ནུས་གསོ་སྦྱོང་རྣམ་གྲངས་སུ་གཅིག་སྡུད་བྱ་རྒྱུར་ཁྲིད་སྟོན་བྱས་ནས། ཁོ་ཚོར་ལག་རྩལ་གཅིག་ཁོང་དུ་ཆུད་པར་རོགས་རམ་བྱས་ཏེ་སྤུས་ཚད་མཐོ་བའི་ལས་ཞུགས་བྱེད་པར་མངོན་འགྱུར་བྱུང་། ལས་ཞུགས་རོགས་སྐྱོར་ལ་མུ་མཐུད་དུ་ཤུགས་བསྣན་ནས།“གཙོ་གནད་དོ་ཁུར་དང་གཙོ་གནད་ཞབས་ཞུ། གཙོ་གནད་འོས་སྦྱོར་བཅས་བྱེད་པའི་རྩ་དོན་ལྟར། མཐར་ཕྱིན་སློབ་མའི་མིང་དངོས་དོ་དམ་ལ་ཤུགས་བསྣན་ནས། དུས་བཀག་ལྟར་བསྐྱར་ལན་འཚམས་འདྲི་བྱེད་པའི་ལམ་ལུགས་དོན་འཁྱོལ་བྱས་ཏེ། མཐར་ཕྱིན་སློབ་མའི་ལས་ཞུགས་གནས་ཚུལ་ལ་རྗེས་སྙེགས་ནས་ཞིབ་མཆན་འགོད་པ་དང་ཞབས་ཞུ་བྱ་ཡུལ་གཏན་འཁེལ་བྱེད་པ། རོགས་སྐྱོར་གཙོ་གནད་གསལ་པོ་ཤེས་པ། རིགས་དབྱེ་གནད་འཁེལ་གྱི་རོགས་སྐྱོར་བཅས་བྱས་ནས་མགྱོགས་མྱུར་ངང་ལས་ཞུགས་བྱེད་པར་སྐུལ་འདེད་གཏོང་རྒྱུ་རེད།  །  

 
རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།