ཀྲུང་གོ་བོད་ཀྱི་དྲ་བ།

སྐབས་ཉེར་གསུམ་པའི་མཚོ་སྐོར་ལྕགས་རྟ་འགྲན་བསྡུར་ཟླ7པའི་ཚེས6ཉིན་མགོ་རྩོམ་རྒྱུ་རེད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རྡོ་རྗེ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2024-06-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས6ཉིན། སྐབས་ཉེར་གསུམ་པའི་མཚོ་སྔོན་པོ་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་བསྡུར་གྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་འཚོགས་ཏེ། འགྲན་བསྡུར་གྱི་ལམ་ཐིག་དང་རླངས་འཁོར། ཁྱད་ཆོས། དུས་སྔོན་གྱི་གྲ་སྒྲིག་སོགས་ཁྱབ་བསྒྲགས་བྱས། 

སྐབས་ཉེར་གསུམ་པའི་མཚོ་སྐོར་ལྕགས་རྟ་འགྲན་བསྡུར་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ལས་དོན་ཐད་གནང་བའི་བླང་བྱ་གལ་ཆེན་དང་རྒྱས་བཤད་གལ་ཆེན་ནན་ཏན་གྱིས་ལག་བསྟར་མཐར་ཕྱིན་བྱེད་པ་དང་། རང་འགུལ་ངང་ཞབས་འདེགས་ཞུ་བ་དང་ཞིང་ཆེན་ཡོངས་ཀྱིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་གནས་དང་ཐོན་ལས་གནས་བཞི་འཛུགས་སྐྲུན་གྱི་འཕེལ་རྒྱས་ཇུས་ཆེན་ནང་ཞུགས་པར་ལག་བསྟར་མཐར་ཕྱིན་བྱས།  འགྲན་བསྡུར་ནི་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ་དང་ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་བཅས་ཀྱིས་གཙོ་སྒྲུབ་བྱས། འགྲན་བསྡུར་གྱིས་ལྗང་མདོག་དང་མི་ཆོས་རིག་གནས། འཆམ་མཐུན། རོལ་མྱོང་བཅས་བརྗོད་དོན་བྱས་ཏེ། འགྲན་བསྡུར་མིང་གྲགས་ཅན་གྱི་སྣེ་ཁྲིད་དང་སྐུལ་སློང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ཞིང་ལས་དང་ལུས་རྩལ། རིག་གནས། ཡུལ་སྐོར། ཚོང་ལས་བཅས་མཉམ་དུ་འཕེལ་རྒྱས་གཏོང་བར་གོམ་སྟབས་བརྟན་པོ་སྤོ་བར་སྐུལ་འདེད་བཏང་།

མཚོ་སྐོར་ལྕགས་རྟ་འགྲན་བསྡུར་གྱི་རྩ་འཛུགས་ཨུ་ལྷན་གཞུང་དོན་ཁང་གི་ཀྲུའུ་རེན་གཞོན་པའམ་མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ལིའུ་ཤིང་ཧའེ་ཡིས་ངོ་སྤྲོད་བྱས་པ་ལྟར་ན།  སྐབས་འདིའི་འགྲན་བསྡུར2024ལོའི་ཟླ7པའི་ཚེས6ཉིན་ཟི་ལིང་གྲོང་ཁྱེར་དུ་མགོ་རྩོམ་མཛད་སྒོ་བསྡུ་རྒྱུ་ཡིན་པ་དང་།  ཟླ7པའི་ཚེས7ཉིན་ནས14ཉིན་བར་ཞིང་ཆེན་ནང་ཁུལ་དུ་འགྲན་བསྡུར་བྱ་རྒྱུ་རེད།  ཚེས14ཉིན་གྱི་དགོང་མོ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མིན་ཡོན་ཧུའེ་རིགས་རང་སྐྱོང་རྫོང་དུ་མཇུག་སྒྲིལ་མཛད་སྒོ་བསྡུ་རྒྱུ་རེད། འགྲན་བསྡུར་ལ་དུས་མཚམས8ཡོད་པ་དང་། སྤྱིའི་རིང་ཚད་ནི་སྤྱི་ལེ1214ཡོད་ལ། དེའི་ཁྲོད་ནས་འགྲན་བསྡུར་གྱི་རིང་ཚད་ནི་སྤྱི་ལེ1152ཡོད། གཟི་བརྗིད་ངོམ་པའི་སྤྱི་ལེ12དང་འགྲན་ར་སྒྱུར་བའི་སྤྱི་ལེ50ཡོད།   ལམ་བར་དུ་ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བཅས་སུ་བརྒྱུད་ཀྱིན་ཡོད། ལམ་ཐིག་ཁྲོད་ཐང་ལམ་དང་རི་ལམ། སྒང་ལམ་བཅས་ནང་དོན་ཕུན་སུམ་ཚོགས་པ་ཡོད།  སའི་ཆ་སྙོམས་ཀྱི་མཐོ་ཚད་ནི་སྨི3000ཙམ་ཡིན་པ་དེས་མཚོ་སྐོར་འགྲན་བསྡུར་གྱི་ཁྱད་ཆོས་མངོན་ཡོད་ལ།  འགྲན་རིམ་བར་བདེ་བླག་ངང་འབྲེལ་མཐུད་ཐུབ་པ་ལའང་ནུས་པ་ལྡན་ཞིང་ཆེད་ལས་རང་བཞིན་སྔར་བས་ཆེ་རུ་བཏང་ཡོད།

སྐབས་འདིའི་འགྲན་བསྡུར་གྱི་མཇུག་མཐར་འཛམ་གླིང་གི་གླིང་ཆེན་བཞིའི་རྒྱལ་ཁབ13གྱི་རུ་ཁག22དང་ལུས་རྩལ་པ154འགྲན་བསྡུར་ནང་ཞུགས་རྒྱུར་གཏན་འཁེལ་བྱས་ཡོད། དོ་ཁུར་བྱེད་དགོས་པ་ཞིག་ནི་འགྲན་བསྡུར་ནང་པི་ལི་ཧྲིའི་ཨོའུ་པེ་ཆིང་ཏེ་ཁོ་ཉི་ཁེ་རླངས་འཁོར་རུ་ཁག་དང་། ཧ་སག་སི་ཐན་གྱི་ཨ་སི་ཐ་ན་རླངས་འཁོར་རུ་ཁག་བཅས་འཛམ་གླིང་གི་རུ་ཁག་གཉིས་ཞུགས་ཏེ།  མཚོ་སྐོར་འགྲན་བསྡུར་དེ་ཀྲུང་གོའི་གཞུང་ལམ་ལྕགས་རྟ་ལས་རིགས་མཉམ་འགྲན་གྱི་ཕུལ་བྱུང་པ་རྣམས་ཀྱིས་རྒྱལ་ཁ་རྩོད་ས་ཉག་གཅིག་ཏུ་གྱུར་ཡོད།  རིམ་མཚུངས་མཉམ་འགྲན་གྱི་རྒྱལ་ཁ་ཐོབ་མཁན་གྱི་ངེས་པར་དུ་འགྲན་རྩོད་བྱ་ཡུལ་དུ་གྱུར་ཡོད། དེའི་འཕྲོ་ཡི་འགྲན་ཞུགས་མིང་སྐལ20ལ་སོ་སོར་ལས་རིགས་རུ་ཁག5དང་གླིང་སྐྱོད་ཡན་ལག་རུ་ཁག15ཡོད། འགྲན་བསྡུར་ལ་མི་སྒེར་གྱི་ཨང་དང་པོ་དང་། རི་འཛེག་སྐར་བསགས་ཀྱི་ཨང་དང་པོ། མཆོང་སྐྱོད་སྐར་བསགས་ཀྱི་ཨང་དང་པོ། ཨེ་ཤེ་ཡའི་རླངས་འཁོར་གཏོང་མཁན་ཡག་ཤོས། ཚོགས་པ་སྤྱིའི་སྐར་མ།  ཨེ་ཤེ་ཡ་ཚོགས་པའི་སྐར་མ་སོགས་ཀྱི་བྱ་དགའ་བཀོད་སྒྲིག་བྱས་ཡོད། །

 
རྩོམ་སྒྲིག་པ། : རྡོ་རྗེ་སྐྱིད།