ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་གྱི་གཙང་གསུམ་ཆུ་སྤུས་ལེགས་པ་དང་སྐྱེ་ཁམས་ཁོར་ཡུག་སྤྱིའི་ཆ་ནས་བརྟན་འཇགས་ཡིན་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2024-06-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས4ཉིན། མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་གྱིས་ཁྱབ་བསྒྲགས་བྱས་པའི《2023ལོའི་མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་གནས་ཚུལ་སྤྱི་བསྒྲགས》ནང་མངོན་པ་ལྟར་ན། མཚོ་སྔོན་ཞིང་ཆེན་མངའ་ཁོངས་ཀྱི་འབྲི་ཆུ་དང་རྨ་ཆུ། རྫ་ཆུ་བཅས་ཀྱི་གཙོ་རྒྱུག་ཆུ་རྒྱུད་ཀྱི་ཆུའི་སྤུས་ཚད་རིགསⅡལ་སླེབས་པ་དང་། ཆུ་སྤུས་ཀྱི་གནས་ཚུལ་ལེགས་ཤིང་། མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་གི་གནས་ཚུལ་སྤྱི་ཡོངས་ནས་བརྟན་འཇགས་ཡིན།

མཚོ་སྔོན་ཞིང་ཆེན་ལ“གཙང་པོ་གསུམ་གྱི་འབྱུང་ཡུལ”དང“ཀྲུང་ཧྭའི་ཆུ་མཛོད”ཅེས་པའི་མཚན་སྙན་ཡོད་པ་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་ཡང་ཡིན། གཙང་གསུམ་འབྱུང་ཡུལ་ས་ཁུལ་ནི་མཚོ་སྔོན་ཞིང་ཆེན་གྱི་ལྷོ་རྒྱུད་དུ་ཆགས་ཡོད་པ་དང་། འབྲི་ཆུ་དང་རྨ་ཆུ། རྫ་ཆུ་བཅས་ཀྱི་འབྱུང་གནས་ཡིན།

སྤྱི་བསྒྲགས་ནང་མངོན་པ་ལྟར་ན། གཙང་གསུམ་འབྱུང་ཡུལ་ས་ཁུལ་དང་། མཚོ་སྔོན་པོ་འབབ་རྒྱུད་དང་མདོ་ལ་རི་བོ་སོགས་གཙོ་གནད་སྐྱེ་ཁམས་ཁུལ་གྱི་སྐྱེ་ཁམས་མ་ལག་གི་རྣམ་པ་དང་། སྐྱེ་ཁམས་སྤུས་ཚད་བརྟན་པོ་རྒྱུན་འཁྱོངས་ཐུབ་ཡོད། མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་སྤུས་ཚད་ཀྱི་རིགས་དེ“རིགས་གཉིས་པ”གཙོ་བོར་བྱེད་པ་དང་། སྐྱེ་ཁམས་སྤུས་ཚད་ཀྱི་འགྱུར་ལྡོག་གཞི་རྩའི་ཐོག་བརྟན་པོ་བྱུང་ཡོད།

མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་གྱི་ཐིན་ཀྲང་གཞོན་པ་ལིའུ་ཅན་ཡུས་ཀྱིས་ངོ་སྤྲོད་བྱས་པ་ལྟར་ན། 2023ལོར་མཚོ་སྔོན་ཞིང་ཆེན་གྱི་ས་ངོས་ཆུའི་སྤུས་ཚད་སྤྱི་ཡོངས་ནས་ལེགས་པ་དང་། གཅིག་སྡུད་རྣམ་པའི་འཚོ་བའི་འཐུང་ཆུའི་ཆུ་ཁུངས་དང་ས་འོག་ཆུའི་སྤུས་ཚད་བརྟན་པོ་ཡིན་ལ། ཁོར་ཡུག་མཁའ་རླུང་གི་སྤུས་ཚད་བཟང་བའི་ཉིན་གྲངས་ཀྱི་བསྡུར་ཚད96.6%ཟིན་ཞིང་། སྒྲའི་ཁོར་ཡུག་སྤུས་ཚད་དང་ཁྱབ་འགྱེད་ཁོར་ཡུག་སྤུས་ཚད་སྤྱི་ཡོངས་ནས་བཟང་བ་དང་། སྐྱེ་ཁམས་ཁོར་ཡུག་གི་གནས་ཚུལ་སྤྱི་ཡོངས་ནས་བརྟན་པོ་ཡིན། སྦགས་བཙོག་དངོས་པོ་གཙོ་བོའི་སྤྱི་འབོར་གྱིས་རྒྱལ་ཁབ་ཀྱིས་གཏན་ཁེལ་བྱས་པའི་ལོ་འཁོར་གྱི་བཙོག་འབུད་ཉུང་གཏོང་གི་དམིགས་ཚད་ལས་འགན་ལེགས་གྲུབ་བྱུང་ལ། ལོ་འཁོར་ནང་ཚབས་ཆེན་དང་དེ་ཡན་གྱི་ཐོལ་བྱུང་ཁོར་ཡུག་དོན་རྐྱེན་བྱུང་མེད།

ཉེ་བའི་ལོ་ཤས་རིང་། མཚོ་སྔོན་ཞིང་ཆེན་གྱིས་འབྱུང་ཡུལ་གྱི་འགན་འཁྲི་མཐའ་གཅིག་ཏུ་འཁུར་ནས། “ཀྲུང་ཧྭའི་ཆུ་མཛོད”ལ་སྲུང་སྐྱོང་བྱས་པ་སྟེ། གྲོང་ཁྱེར་གྱི་དྲི་ངན་བཙོག་ཆུ་བཅོས་སྐྱོང་དང་། འབྲི་ཆུ་སྲུང་སྐྱོང་ཉམས་གསོ། རྨ་ཆུའི་སྐྱེ་ཁམས་སྲུང་སྐྱོང་བཅོས་སྐྱོང་། འཐུང་ཆུ་ཆུ་ཁུངས་སྲུང་སྐྱོང་བཅས་ལ་དམིགས་ཏེ། ཆུའི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ངང་མཐོ་རུ་བཏང་བ་དང་། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་གནད་དོན་སྣ་ཚོགས་དག་ཐེར་བྱེད་པར་གཅིག་གྱུར་གྱིས་སྐུལ་འདེད་བཏང་ནས་སྐྱེ་ཁམས་ཁོར་ཡུག་ཁྲིམས་འཛིན་བྱེད་ཤུགས་དང་སྐྱེ་ཁམས་སྲུང་སྐྱོང་ལྟ་སྐུལ་དོ་དམ་བྱེད་ཤུགས་མུ་མཐུད་དུ་ཆེ་རུ་བཏང་། མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་སོགས་སྡེ་ཁག8དང་མཉམ་དུ“‘ཀྲུང་ཧྭའི་ཆུ་མཛོད’ཀྱི་སྲུང་སྐྱོང་པ་དང་སྤྱི་པའི་ཁེ་ཕན་འཐུས་མིའི་སྲིད་འཛིན་ཁྲིམས་བསྟར། སྤྱི་ཕན་ཁྲིམས་འཛིན་མཉམ་ལས་ལམ་སྲོལ”བཙུགས་ནས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་སྲིད་འཛིན་ཁྲིམས་བསྟར་དང་ཉེས་དོན་ཁྲིམས་འཛིན་སྦྲེལ་མཐུད་ལས་དོན་ལམ་སྲོལ་སྔར་བས་འཐུས་ཚང་དུ་བཏང་། །

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།