ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ལས་དོན་གྱི་ཁྲིམས་འཛུགས་ལ་རྟོག་ཞིབ་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རྡོ་རྗེ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2024-06-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 《མཚོ་ནུབ་སོག་རིགས་བོད་རང་སྐྱོང་ཁུལ་གྱི་སོག་སྐད་སོག་ཡིག་དང་བོད་སྐད་བོད་ཡིག་གི་ལས་དོན་སྲོལ་ཡིག》ལ་ཞིབ་བཤེར་ཆོག་མཆན་འགོད་པའི་ལས་དོན་ལེགས་པོར་བསྒྲུབ་ཆེད། ཟླ5པའི་ཚེས29ནས་ཚེས30ཉིན་བར། མཚོ་སྔོན་ཞིང་ཆེན་དམངས་ཆེན་གྱི་ཕྱིར་སྡོད་ཨུ་ཡོན་ལྷན་ཁང་གི་རྟོག་ཞིབ་ཚོགས་ཆུང་མཚོ་ནུབ་སོག་རིགས་བོད་རང་སྐྱོང་ཁུལ་ལ་ཁྲིམས་འཛུགས་རྟོག་ཞིབ་བྱེད་དུ་སོང་།  

རྟོག་ཞིབ་ཚོགས་ཆུང་སྔ་གཞུག་ཏུ་གཏེར་ལེན་ཁ་གྲོང་ཁྱེར་མི་རིགས་སློབ་གྲྭ་དང་ཁོའོ་ལུའུ་ཁེ་གྲོང་རྡལ་གྱི་ས་རྒོད་རྟེན་རྫས་བཤམས་མཛོད་ཁང་དུ་སོང་སྟེ་ཡུལ་དངོས་ནས་ལྟ་ཞིབ་དང་སློབ་གསོ་སྲིད་འཛིན་སྡེ་ཁག་དང་། སློབ་གྲྭའི་དགེ་སློབ། གཞི་རིམ་ལས་བྱེད་པར་བསམ་བློ་བརྗེ་རེས་བྱས་ཏེ། རྒྱལ་ཁབ་ཀྱི་ཐུན་མོང་ཐོག་སྤྱོད་པའི་སྐད་ཡིག་ཁྱབ་གདལ་དུ་གཏོང་ཚུལ་དང་། སོག་སྐད་སོག་ཡིག་དང་བོད་སྐད་བོད་ཡིག་གི་ལས་དོན་སྤེལ་ཚུལ་ལ་རྒྱུས་ལོན་གཏིང་ཟབ་བྱས་པ་མ་ཟད། བཞུགས་མོལ་ཚོགས་འདུ་འཚོགས་ནས་ཁྲིམས་འཛུགས་ལས་དོན་ཁྲོད་ཀྱི་དཀའ་ངལ་དང་གནད་དོན་ལ་ཞིབ་འཇུག་དང་ཐག་གཅོད་བྱས།

རྟོག་ཞིབ་ཚོགས་ཆུང་གིས་མི་རིགས་སྐད་ཡིག་ཁྲིམས་སྐྱོང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱུ་ནི་མི་རིགས་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་། མི་རིགས་མཐུན་སྒྲིལ་དང་མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན་པས། ཏང་ཀྲུང་དབྱང་གི་སྐད་ཡིག་བྱ་གཞག་སྐོར་གྱི་ཐབས་ཇུས་དང་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱས་ཏེ། དུས་རབས་གསར་པའི་སྐད་ཡིག་བྱ་གཞག་གི་འཕེལ་ཕྱོགས་དང་ཆོས་ཉིད་ལ་གནད་ལ་འཁེལ་བའི་གོ་བ་ལེན་པ་དང་ཁོང་དུ་ཆུད་པ། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་རྒྱུ་གཙོ་གནད་དུ་བཟུང་ནས། རྒྱལ་ཁབ་ཀྱི་ཀུན་སྤྱོད་སྐད་ཡིག་ཁྱབ་གདལ་གཏོང་ཤུགས་ཆེ་རུ་གཏོང་བ་དང་། མི་རིགས་སོ་སོའི་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད་ལ་བརྩི་འཇོག་དང་སྲུང་སྐྱོང་བཅས་བྱས་ཏེ་རྒྱལ་ཁབ་ཀྱི་ཁྲིམས་ལུགས་གཅིག་གྱུར་གྱི་ཚད་མཐའ་གཅིག་ཏུ་སྲུང་སྐྱོང་བྱ་དགོས་ལ། ཁྲིམས་འཛུགས་སྤུས་ཚད་ཀྱི་འགག་རྩ་དམ་འཛིན་བྱས་ནས་གནད་དོན་གྱི་ཕྱོགས་སྟོན་རྒྱུན་འཁྱོངས་བྱས་ཏེ། སྐད་ཡིག་བྱ་གཞག་གོང་དུ་འཕེལ་བར་ཤུགས་རྐྱེན་ཐེབས་པའི་དཀའ་གནད་དང་འགག་རྩའི་བརྒྱུད་རིམ་དག་ནུས་ཤུགས་ཡོད་རྒུས་སེལ་ནས། ཀྲུང་ཧྭའི་ཕུལ་བྱུང་སྐད་ཡིག་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་བཏང་སྟེ། དུས་རབས་གསར་པའི་སྐད་ཡིག་བྱ་གཞག་སྤུས་ཚད་མཐོན་པོའི་སྒོ་ནས་གོང་དུ་འཕེལ་བར་སྐུལ་འདེད་གཏོང་དགོས་ཞེས་བསྟན།  །

 
རྩོམ་སྒྲིག་པ། : རྡོ་རྗེ་སྐྱིད།