ཀྲུང་གོ་བོད་ཀྱི་དྲ་བ།

2024ལོའི་དཔྱིད་དུས་ཀྱི་འོས་འགན་སྡོང་འཛུགས་བྱེད་སྒོ་སྤེལ་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2024-04-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས17ཉིན་གྱི་སྔ་དྲོར། 2024ལོའི་དཔྱིད་དུས་ཀྱི་འོས་འགན་སྡོང་འཛུགས་བྱེད་སྒོ་ཟི་ལིང་དུ་སྤེལ།

ལོ་གཅིག་ཇུས་གཞི་དཔྱིད་ཀར་ཐུག །སྡོང་འཛུགས་ལྗང་སྒྱུར་དུས་སྐབས་བཟང་། ། ཟླ4པའི་ཚེས17ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཁྲེན་ཀང་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཝུའུ་ཞའོ་ཅུན། ཞིང་ཆེན་ཏང་ཨུའི་ཧྲིན་ཀྲང་གཞོན་པ་ལིའུ་ཆི་ཧྥན་སོགས་ཞིང་ཆེན་མགོ་ཁྲིད་སྡོང་བོ་འཛུགས་སར་ཕེབས་ནས། ལས་བྱེད་མང་ཚོགས་དང་མཉམ་དུ2024ལོའི་དཔྱིད་དུས་སྡོང་འཛུགས་བྱེད་སྒོར་ཞུགས།

སྡོང་བོ་འཛུགས་ས་ནི་ཟི་ལིང་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་སྐྱེ་དངོས་ཚན་རྩལ་ཐོན་ལས་གླིང་ཁུལ་གྱི་སྐྱེ་ཁམས་ལོགས་བཀར་ལྗང་སར་ཡོད་པ་དང་། གནས་འདིར་སྐྱེ་དངོས་སྣ་མང་ཚོགས་སྒྲིག་བཀོད་འཛུགས་བྱས་ནས། ངོ་མཚར་སྣ་ཚོགས་ཀྱིས་ཕྱུག་པའི་ལྗོངས་རྣམ་ལྗང་ས་ཞིག་ཏུ་བསྐྲུན་རྒྱུ་རེད། ཞིང་ཆེན་ཡོངས་ཀྱི2024ལོའི་རྒྱལ་ཁོངས་ལྗང་སྒྱུར་ལས་འགན་བཀོད་སྒྲིག་སོགས་གནས་ཚུལ་ལ་རྗེས་ལོན་བྱས་རྗེས། ཞིང་ཆེན་མགོ་ཁྲིད་གྱིས་ལས་བྱེད་མང་ཚོགས་དང་མཉམ་དུ་ལས་ལ་བྲེལ་བར་གྱུར། ཚང་མས་མཉམ་དུ་ལི་ཤི་དམར་པོ་དང་གསོན་སྡོང་། པིའོ་སྡོང་། ལི་ཤི་སོགས་ཀྱི་སྔོང་རྐང་བཙུགས་པ་དང་། འཇག་སྐྱ་དང་ཁྲེ། གྲོ་རྩྭ་ནག་པོ་སོགས་རྩྭ་རིགས་ཀྱི་ས་བོན་གཏོར། ཁྲེན་ཀང་གིས་ཕྱོགས་གཅིག་ནས་སྡོང་བོ་བཙུགས་པ་དང་། ཕྱོགས་གཅིག་ནས་སློབ་ཆུང་པ་ཚོའི་སློབ་སྦྱོང་འཚོ་བ་དང་ངལ་རྩོལ་ལུས་སྦྱོང་སོགས་ཀྱི་གནས་ཚུལ་སྙིང་ཉེ་ཉེ་སྒོས་འདྲི་རྟོགས་མཛད་པར་མ་ཟད། བྱིས་པ་ཚོར་ལྕགས་ཁེམ་བཀོལ་སྟངས་དང་སྡོང་རྐང་སྐྱོར་སྟངས། ས་དོང་རྐོ་སྟངས་སོགས་ངང་རྒྱུད་རིང་པོས་སློབ་སྟོན་མཛད། ཁོ་ཚོས་ཆུང་དུས་ནས་ངལ་རྩོལ་ལ་དགའ་བ་དང་རང་བྱུང་ལ་གཅེས་སྐྱོང་བྱེད་པའི་གཤིས་རྒྱུད་ལེགས་པོ་གསོ་སྐྱོང་བྱས་ནས། ཀུན་སྤྱོད་དང་བློ་གྲོས། ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་ཕྱོགས་ཡོངས་འཕེལ་རྒྱས་ལ་མཐོང་ཆེན་བྱེད་དགོས་པའི་སྐུལ་མ་གནང་། ཁྲེན་ཀང་གིས་མི་མང་ན་སྟོབས་ཤུགས་ཆེ། མི་མང་གིས་སྡོང་བོ་བཙུགས་ན་ནགས་ཚལ་ཆགས། དེ་རིང་ང་ཚོ་ཚང་མས་མཉམ་དུ་སྡོང་བོ་བཙུགས་པ་ནི། ལས་བྱེད་མང་ཚོགས་སྔར་ལས་མང་པོ་སྡོང་འཛུགས་ནགས་སྐྲུན་གྱི་བྱེད་སྒོར་ཞུགས་པའི་འབོད་སྐུལ་བཏང་ནས། ང་ཚོའི་ཁྱིམ་གཞིས་སྔར་ལས་མཛེས་སྡུག་ལྡན་པ་དང་སྡོད་འཚམ་པར་བྱེད་རྒྱུ་དེ་ཡིན་ཞེས་གསུངས།

ཟི་ལིང་གི་ཞིང་ཆེན་རིམ་པ་གཞོན་པའི་ཡན་གྱི་མགོ་ཁྲིད་དང་། ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་ལས་ཁུངས། ཟི་ལིང་གྲོང་ཁྱེར་གྱི་ལས་བྱེད་ལས་བཟོ་ཁ་ཤས། སྐལ་བཟང་ལྗང་མདོག་དང་བླངས་ཞབས་ཞུ་རུ་ཁག སློབ་མ་སོགས་མི300ལྷག་འོས་འགན་སྡོང་འཛུགས་བྱེད་སྒོར་ཞུགས་ཡོད།

རྒྱུས་ལོན་པ་ལྟར་ན། ད་ལོ་ནི་བྱང་གསུམ་བཟོ་སྐྲུན་འགག་སྒྲོལ་དམག་འཐབ་ཕྱོགས་ཡོངས་ནས་རྒྱག་པའི་ལོ་ཡིན་པ་དང་། རང་ཞིང་ལ་རྒྱལ་ཁོངས་ལྗང་སྒྱུར་ལས་འགན་སྤྱི་ཆིང36.67ལེགས་འགྲུབ་བྱ་རྒྱུའི་འཆར་གཞི་འདུག བྱང་གསུམ་བཟོ་སྐྲུན་ལས་འགན་གསར་པ་སྤྱི་ཆིང9.85ལག་བསྟར་ལ་སྐུལ་འདེད་གཏོང་བ་དང་། སྐྱེ་ཁམས་ཁོར་ཡུག་སྤུས་ཚད་མུ་མཐུད་དུ་སྲ་བརྟན་མཐོར་འདེགས་བཏང་ནས། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་མྱུར་ཏུ་བསྐྲུན་རྒྱུ་རེད། ། 

 
རྩོམ་སྒྲིག་པ། : གསང་བདག་རྒྱལ།