ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་གྱི་དྲ་རྒྱའི་ཐད་གཏོང་མཁན་གཉིས་ལ་གཅིག་སྡུད་ངང་ཁ་ཆད་གླེང་མོལ་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2024-04-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དོན་དངོས་སྟེང་དྲ་རྒྱའི་མ་རབས་ཐ་ཤལ་གྱི་ནང་དོན་ཁྱབ་སྤེལ་བཀག་འགོག་བྱས་ནས་ཧུར་ཐག་སྒོས་དག་གཙང་གི་དྲ་རྒྱའི་ཁོར་ཡུག་ཞིག་གསར་སྐྲུན་བྱ་ཆེད། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་སྤྱི་བདེ་ཅུའུ་རྨ་ཆུ་ནུབ་ལམ་མངགས་གཏོང་ཁང་དང་དྲ་རྒྱའི་བདེ་འཇགས་རུ་ཆེན་གྱིས་ཁོངས་གཏོགས་ཁུལ་གྱི་དྲ་རྒྱའི་ཐད་གཏོང་མཁན་བསྟན་ཆེ་གེ་མོ་དང་སྒྲོལ་ཆེ་གེ་མོ་གཉིས་ལ་ཁ་ཆད་གླེང་མོལ་བྱས་ནས།《དྲ་སྦྲེལ་ཐད་གཏོང་ཞབས་ཞུ་སྤྱོད་མཁན་གྱི་དྲ་བ་གཙང་སྤྱོད་ཀྱི་འགན་འཁྲིའི་ཡི་གེ》སྟེང་མིང་ཐོ་བཀོད་པ་རེད།

ཉེ་ཆར། ཁོངས་གཏོགས་ཁུལ་གྱི་དྲ་རྒྱའི་ཐད་གཏོང་མཁན་བསྟན་ཆེ་གེ་མོ་དང་སྒྲོལ་ཆེ་གེ་མོས་དྲ་རྒྱའི་སྟེགས་བུ་སྤྱད་དེ་འུད་སྒྲོག་བྱས་པ་དང་། ཁོ་གཉིས་ཀྱིས་འཕྱ་སྨོད་དང་མ་རབས་ཐ་ཤལ་སོགས་སྒྲིག་འགལ་གྱི་བྱ་སྤྱོད་ལ་བརྟེན་ནས་ཀུན་གྱི་མིག་དབང་འཕྲོག་པ་དང་དྲ་དམངས་ཀྱི་ཡིད་དབང་བཀུག་ནས་བྱ་དགའ་ལེན་ཐབས་བྱེད་པ་སོགས་ཀྱིས་དྲ་རྒྱའི་བར་མཐོངས་ལ་སྦགས་བཙོག་ཚབས་ཆེན་བཟོས་པ་དང་། སྤྱི་ཚོགས་སྟེང་ཤུགས་རྐྱེན་ངན་པ་བཟོས་ཡོད་པ་རེད། ཟླ3པའི་ཚེས31ཉིན་མངགས་གཏོང་ཁང་གིས་དྲ་རྒྱའི་བདེ་འཇགས་རུ་ཆེན་གྱི་ཉེན་རྟོག་པ་དང་མཉམ་འབྲེལ་བྱས་ཏེ་ཐད་གཏོང་མཁན་གཉིས་ལ་གཅིག་སྡུད་ངང་ཁ་ཆད་གླེང་མོལ་བྱས་པ་རེད།

ཁ་ཆད་གླེང་མོལ་ནང་ཐད་གཏོང་མཁན་གཉིས་ཀྱིས་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་བཟོས་པ་དང་། ནག་ཉེས་ཚབས་ཆུང་བཟོས་པར་རང་འགུལ་ངང་ནོར་འཁྲུལ་ངོས་ལེན་དང་རྣམ་འགྱུར་ཟོལ་མེད་ལྡན་པར་དམིགས་ཏེ། ཉེན་རྟོག་པས་ཐད་གཏོང་མཁན་གཉིས་ལ་འབྲེལ་ཡོད་ཆ་འཕྲིན་འཕྲལ་དུ་གཙང་སེལ་དང་གསུབ་དགོས་པའི་བཀའ་བཏང་ནས་དྲ་རྒྱའི་ཐད་གཏོང་བྱ་སྤྱོད་ཚད་ལྡན་དུ་བཏང་སྟེ་སྤྱི་ཚོགས་ཀྱི་དྲང་ནུས་བརྒྱུད་སྤྲོད་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། ཐད་གཏོང་མཁན་གཉིས་ལ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་རྒྱའི་བདེ་འཇགས་བཅའ་ཁྲིམས》དང《དྲ་རྒྱའི་ཆ་འཕྲིན་ནང་དོན་གྱི་སྐྱེ་ཁམས་བཅོས་སྐྱོང་ཚད་གཞི》《དྲ་སྦྲེལ་ཐད་གཏོང་ཞབས་ཞུའི་དོ་དམ་གཏན་འབེབས》དང་དེ་བཞིན《དྲ་རྒྱའི་ཐད་གཏོང་བྱ་སྤྱོད་ཚད་གཞི》སོགས་བཅའ་ཁྲིམས་ཁྲིམས་སྲོལ་གསལ་འགྲེལ་བྱས་པ་ལས་གཞན། ཁ་ཆད་གླེང་མོལ་བྱས་པ་བརྒྱུད་བསྟན་ཆེ་གེ་མོ་དང་སྒྲོལ་ཆེ་གེ་མོས་རང་ཉིད་ཀྱི་མ་རབས་ཐ་ཤལ་གྱི་ཐད་གཏོང་བྱ་སྤྱོད་ལས་བྱུང་བའི་སྤྱི་ཚོགས་ཀྱི་ཤུགས་རྐྱེན་ངན་པར་ངོས་ཤེས་གཏིང་ཟབ་བྱུང་ནས་རྗེས་ཕྱོགས་སུ་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་དང་དྲ་རྒྱའི་ཐད་གཏོང་དོ་དམ་གཏན་འབེབས་རང་རྟོགས་ངང་བརྩི་སྲུང་ཞུ་རྒྱུ་ཡིན་པ་མ་ཟད། སློབ་སྦྱོང་ནན་ཏན་བྱས་ནས་ཀུན་སྤྱོད་ཀྱི་མཐའ་ཚད་ལས་མི་བརྒལ་བ་དང་། བཅའ་ཁྲིམས་ཀྱི་དམར་ཐིག་ལས་མི་བརྒལ་བ། བསླབ་བྱ་ལེན་པ། དྲང་ནུས་བརྒྱུད་སྤེལ་མཐའ་འཁྱོངས་བཅས་བྱས་ཏེ་དྲ་རྒྱའི་ཁོར་ཡུག་བཟང་པོ་རང་རྟོགས་ངང་གཏོད་རྒྱུའི་ཁས་ལེན་བྱས་པ་རེད།

གུང་ཧོ་ཉེན་རྟོག་ཕྱོགས་ཀྱིས་དྲ་རྒྱ་ནི་བཅའ་ཁྲིམས་ལས་བརྒལ་བའི་ས་ཆ་ཞིག་མིན་པར་དྲ་ཐོག་ཆ་འཕྲིན་ཁྱབ་བསྒྲགས་དང་གཏམ་བཤད་བྱེད་སྐབས། བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་སྲུང་ཞུ་དགོས་པའི་དྲན་སྐུལ་བྱས་པ་རེད། དྲ་རྒྱའི་ཐོག་ནས་ཚུལ་མིན་གྱི་གཏམ་བརྗོད་དང་རྫུན་བཟོ་བ། རྫུན་གཏམ་བརྒྱུད་སྒྲོག་བྱེད་པ། དཀྲོག་གཏམ་བཟོ་བ་སོགས་སྤྱི་ཚོགས་ཀྱི་སྒྲིག་ལམ་དཀྲུགས་པའི་ཁྲིམས་འགལ་བྱ་སྤྱོད་ལ་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་རྡུང་རྡེག་ནན་མོ་གཏོང་རྒྱུ་ཡིན་པའི་གསལ་འདེབས་བྱས།   །  

 
རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།