ཀྲུང་གོ་བོད་ཀྱི་དྲ་བ།

རྟ་ཐོག་གི་སྒྲོག་འགྲེལ་ཚོགས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2024-04-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

“ཏང་གི་སྲིད་ཇུས་བཟང་པོ་སླེབས་སོང”སྐད་སྙན་མོ་དེ་ཐག་རིང་ནས་གྲགས་ཡོང་བ་དང་། ཡུད་ཙམ་མ་འགོར་བར་རྟ་བཞོན་པའི་དྲིལ་བསྒྲགས་པས་ཏང་གི་དགོངས་དོན་འཁྱེར་ནས་འབྲོག་པའི་ཁྱིམ་དུ་བསྐྱོད་བཞིན་ཡོད་པ་མཐོང་བྱུང་། དེ་ནི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་འབའ་རྫོང་ཐང་མགོ་གྲོང་རྡལ་རྟ་ཐོག་སྒྲོག་འགྲེལ་ཚོགས་པ་ཡིན་པ་དང་། ཉེ་ལམ་ཁོ་ཚོས་རི་ཆུ་བརྒལ་ནས་ཏང་གི་དམངས་ཕན་སྲིད་ཇུས་རོང་འབྲོག་མང་ཚོགས་ཀྱི་ཁྱིམ་དུ་བསྐྱལ།

ཐུན་ཏེ་རྫོང་གི་ས་གཤིས་ཁོར་ཡུག་དམིགས་བསལ་ཡིན་པའི་དབང་གིས། ཐག་རིང་མཐའ་མཚམས་ས་ཁུལ་གྱི་གྲོང་མི་སྐོར་ཞིག་གི་སྡོད་གནས་ཁ་ཐོར་ཡིན་པ་དང་། འགྲིམ་འགྲུལ་སྟབས་མི་བདེ་བ། ཆ་འཕྲིན་བརྒྱུད་སྤྲོད་བྱེད་དཀའ་བ་བཅས་ཡིན་པས། ཀྲུང་དབྱང་གི་ཡིག་ཨང་དང་པོའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས། ལག་བསྟར་བཅས་བྱས་ནས་ཏང་གི་དམངས་ཕན་སྲིད་ཇུས་རྒྱ་ཆེའི་འབྲོག་པའི་སྒོ་ཁ་རུ་སྒྲོག་འགྲེལ་བྱ་ཆེད། ཐུན་ཏེ་རྫོང་ཐང་མགོ་གྲོང་རྡལ་དུ་རྟ་ཐོག་གི་སྒྲོག་འགྲེལ་ཚོགས་པ་ཞིག་བཙུགས་པ་རེད།

ཐང་མགོ་གྲོང་རྡལ་གྱི་མགོ་གཙོ་བློ་བཟང་བསྟན་པའི་རྒྱལ་མཚན་གྱིས་ཐང་མགོ་གྲོང་རྡལ་གྱིས་ཤང་དང་གྲོང་རྡལ་དུ་བོད་རྒྱ་སྐད་གཉིས་ཤེས་པའི་ལས་བྱེད་པ་སྐོང་འཐེན་བྱས་ཏེ། རྟ་ཐོག་སྒྲོག་འགྲེལ་ཚོགས་པ་དུས་ཐོག་ཏུ་བཙུགས་ནས་ཁྲིམས་འཛིན་དང་། དམངས་སྲིད། རོང་འབྲོག མངགས་གཏོང་ཁང་། གྲོང་ཚོ་ཨུ་ལྷན་བཅས་ཀྱི་ཚན་ཁག་གི་ཁོངས་མིའི་ལས་དོན་ཚོགས་ཆུང་བཙུགས་ཏེ་དྲིལ་བསྒྲགས་དཔྱད་ཡིག་འཁྱེར་ནས་འབྲོག་པའི་སྦྲ་གུར་དང་གཞིས་ཆགས་བྱ་ཡུལ་དུ་བསྐྱོད་དེ། ཁོ་ཚོ་དང་ཁ་གཏད་དེ་ཁོ་ཚོའི་ཐེ་ཚོམ་ལ་འགྲེལ་བཤད་བྱས་པ་དང་། ཀྲུང་དབྱང་གི་ཐུགས་ཁུར་དང་སྲིད་ཇུས་ཐད་ཀར་རྒྱ་ཆེའི་འབྲོག་པར་བརྒྱུད་བསྒྲགས་བྱས་ནས་ཁོ་ཚོས་སྔར་ལས་ལྷག་པར་སྲིད་ཇུས་རྒྱུས་ལོན་བྱེད་པ་དང་སྲིད་ཇུས་ཁ་ཕྱོགས་ཁོང་དུ་ཆུད་པར་བྱས་ཏེ་འབྲོག་ཁུལ་གྱི་སྤྱི་ཚོགས་བདེ་བླག་ངང་འཕེལ་རྒྱས་འགྲོ་བར་་སྐུལ་འདེད་བཏང་།

ཉིན་ལྟར་རྟ་ཐོག་གི་སྒྲོག་འགྲེལ་ཚོགས་པ་རི་ཆུ་བརྒལ་ནས་ཏང་གི་སྐད་སྙན་འབྲོག་མི་རེ་རེར་བརྒྱུད་སྤྲོད་བྱེད་ཀྱིན་ཡོད་ལ། འབྲོག་ཁུལ་གྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ནས་སྒྲོག་འགྲེལ་ཚོགས་པ་འབྲོག་དུད་དུ་བསྐྱོད་དེ། འབྲོག་པ་མང་ཚོགས་དང་ཁ་གཏད་དེ་སྤེལ་རེས་བྱས་པ་དང་། གོ་བདེ་ཞིང་ཤེས་སླ་བའི་སྐད་ཆའི་སྟེང་ནས་སྲིད་ཇུས་འགྲེལ་བཤད་བྱས་པ། ད་དུང་འབྲོག་པས་དོ་ཁུར་བྱེད་པའི་གནད་དོན་ལ་ལན་བཏབ་པ་བཅས་བྱས་ནས་ཁོ་ཚོར་སྲིད་ཇུས་སློབ་སྦྱོང་བྱས་པར་འབྲོག་ཁུལ་འཕེལ་རྒྱས་ཐད་ཐོན་པའི་དོན་སྙིང་གལ་ཆེན་ཤེས་རྟོགས་བྱེད་རོགས་བྱས་པ་བཅས་རྒྱ་ཆེའི་འབྲོག་པའི་དགའ་བསུ་དང་གདེང་འཇོག་ཆེན་པོ་ཐོབ།

བློ་བཟང་བསྟན་པའི་རྒྱལ་མཚན་གྱིས་སྒྲོག་འགྲེལ་བྱས་པ་བརྒྱུད། འབྲོག་པ་མང་ཚོགས་ཀྱིས་ཀྲུང་དབྱང་གི་སྲིད་ཇུས་སྔར་ལས་ལྷག་པར་ཤེས་རྟོགས་གཏིང་ཟབ་ཐུབ་པ་དང་། མ་འོངས་བའི་འཚོ་བར་རེ་སྒུག་དང་ཡིད་ཆེས་ཀྱིས་ཁེངས་ཡོད་པ་དང་དུས་མཚུངས་སུ་འབྲོག་པས་སྲིད་ཇུས་ལག་བསྟར་ཐད་བཏོན་པའི་བསམ་འཆར་དང་། གྲོས་འགོ་ཁག་གཅིག་དཔྱས་བསྡུ་བྱས་ནས་སྲིད་ཇུས་སྔར་ལས་འཐུས་ཚང་དུ་གཏོང་རྒྱུར་རྩ་ཆེའི་དཔྱད་གཞི་མཁོ་འདོན་བྱས་ཡོད་ཅེས་བཤད་པ་རེད། རྗེས་མར་ཐང་མགོ་གྲོང་རྡལ་གྱིས་དྲིལ་བསྒྲགས་བྱེད་ཤུགས་མུ་མཐུད་དུ་ཆེ་རུ་བཏང་ནས། སྒྲོག་འགྲེལ་ཚོགས་པའི་ཁྱབ་རྒྱ་ཆེ་རུ་བཏང་བ་བརྒྱུད་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་དགོངས་དོན་འབྲོག་ཁུལ་དང་འབྲོག་པ་རེ་རེའི་སྒོ་འགྲམ་དུ་བསྐྱལ་བར་འགན་སྲུང་བྱ་རྒྱུ་རེད།   ། 

 
རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།