ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུ་བསྡུས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2024-02-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས22ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲེན་ཀང་གིས་མགོ་འཛིན་མཛད་དེ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་བསྡུས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་ལམ་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བརྒྱུད་སྒྲོག་བྱས་པ་དང་། རང་ཞིང་གི་ལག་བསྟར་བསམ་འཆར་ལ་ཞིབ་འཇུག་བྱས་པ། རང་ཞིང་གི་རྩིས་བཤེར་ལས་དོན་དང་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་འགན་འཁྲི་ལམ་ལུགས་དཔྱད་ཞིབ་གནས་ཚུལ་སོགས་ཀྱི་སྙན་ཞུར་མཉན་ནས། འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས།

ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི2024ལོའི་ལོ་སར་གྱི་ལོ་ཚོགས་ཐོག་གི་གསུངས་བཤད་གལ་ཆེན་དང་ཏང་ཕྱི་མི་སྣ་དང་ལྷན་དུ་ལོ་སར་བསུ་བའི་སྐབས་ཀྱི་གསུང་བཤད་གལ་ཆེན། ཀྲུང་དབྱང་གི་ཕྱོགས་ཡོངས་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཞི་པའི་ཐོག་གི་གསུང་བཤད་གལ་ཆེན། 《སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཟོ་སྐྲུན་སྟོབས་ལྡན་རྒྱལ་ཁབ་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་ཀློག་དེབ》བཅས་ཀྱི་དགོངས་དོན་བཅས་བརྒྱུད་སྒྲོག་བྱས་ནས། “ལས་བྱེད་པས་ལས་སྒྲུབ་དགོས་པ་དང་རིགས་ལམ་གསལ་དགོས་པ། རང་གཅུན་དམ་དགོས་པའི”འགུལ་སྐྱོད་དངོས་ལ་བརྟེན་པ་དང་། མཐུན་སྒྲིལ་འབད་འཐབ་ཀྱི་འདུས་ཤུགས་སྟོབས་ཆེན་རྒྱ་ཁྱབ་ཏུ་གཅིག་སྡུད་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མ་སྐུལ་ཁྲིད་སྒོས་སྔར་ལས་ལྷག་པའི་བསམ་པའི་ཉམས་འགྱུར་ལ་བརྟེན་ནས་ལས་དོན་བསྒྲུབ་དགོས། ཕྱོགས་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་གྱི་ཡང་དག་པའི་ཁ་ཕྱོགས་དང་དམིགས་འབེན་ལས་འགན། གཙོ་གནད་བྱེད་ཐབས་སྔར་ལས་ལྷག་པར་ཡང་དག་པར་ཁོང་དུ་ཆུད་པ་དང་། ཕྱོགས་སོ་སོའི་བཅོས་སྒྱུར་གྱི་ཡར་བརྩོན་རང་བཞིན་ཕུན་སུམ་ཚོགས་པར་སློང་བ། ཆེས་གནད་འགག་དང་ཆེས་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་གཅིག་སྡུད་སྒོས་ཐག་བཅད་ནས། སྤུས་ཚད་མཐོ་བའི་སྒོ་ནས་ད་ལོའི་བཅོས་སྒྱུར་ལས་འགན་ཁག་ལེགས་སྒྲུབ་བྱ་དགོས། མཚོ་སྔོན་རྒྱལ་ཡོངས་ཀྱི་ཆེ་ཕྱོགས་དང་ཡུལ་ཁོངས་འཕེལ་རྒྱས་ཀྱི་འཐབ་ཇུས་ཁྲོད་བཞག་ནས་འཆར་འགོད་འཐེན་པ་དང་། འཕེལ་རྒྱས་གོ་སྐབས་ཀྱི་སྒེའུ་ཁུང་དུས་སྐབས་དམ་པོར་འཛིན་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལེགས་པོ་བྱེད་པའི་སྔོན་འགྲོའི་འོག མཚོ་སྔོན་གྱི་ལྟོས་བཅོས་དགེ་མཚན་སྔར་ལས་ལེགས་པར་འདོན་ཐུབ་པའི་སྔོན་ཐོན་བཟོ་སྐྲུན་ལས་རིགས་འཛུགས་སྐྲུན་བྱེད་པ། རང་སའི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་ཆགས་པར་བྱས་ཏེ། དེ་ཉིད་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་གྱི་སྒུལ་ཤུགས་སྟོབས་ལྡན་དུ་བསྒྱུར་དགོས་པར་བསྟན།

ཚོགས་ཐོག་ནས་རྒྱལ་ཡོངས་རྩིས་བཤེར་ལས་དོན་ཚོགས་འདུའི་དགོངས་དོན་སློབ་སྦྱོང་བརྒྱུད་སྒྲོག་བྱས་པ་དང་། 2023ལོའི་ཞིང་ཆེན་ཡོངས་ཀྱི་རྩིས་བཤེར་ལས་དོན་གནས་ཚུལ་དང2024ལོའི་ལས་དོན་རིགས་ལམ་སྙན་ཞུར་མཉན་པ། 《ཞིང་ཆེན་རིམ་པའི2024ལོའི་རྩིས་བཤེར་ལས་གཞིའི་འཆར་གཞི་འཆར་ཟིན》ལ་གྲོས་ཞིབ་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩིས་བཤེར་ལས་དོན་སྐོར་གྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་ཟབ་མོ་བྱེད་པ་དང་། ཏང་གི་མགོ་ཁྲིད་རྩིས་བཤེར་ལས་དོན་གྱི་གོ་རིམ་ཧྲིལ་པོ་དང་ལྷུ་ཚིགས་སོ་སོར་ཁྱབ་པར་བྱེད་པ། ཀྲུང་དབྱང་གི་གཏན་འབེབས་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་ལག་ལེན་དུ་བསྟར་བ་དང“འཚོ་བ་འོས་འཚམ་རོལ་བའི”བླང་བྱ་དངོས་འབེབས་བྱེད་པ་དེ་ལྟ་རྟོག་གི་གཙོ་གནད་དུ་འཛིན་པ། སྐྱེ་ཁམས་བདེ་འཇགས་དང་དམངས་འཚོ་ལེགས་བཅོས། ཏང་དཔོན་ནན་མོས་སྐྱོང་བ། གནོད་རྗེས་སླར་གསོ་བསྐྱར་སྐྲུན་སོགས་གཙོ་གནད་ཁྱབ་ཁོངས་ཀྱི“དཔལ་འབྱོར་བརྟག་དཔྱད”ནན་ཏན་གྱིས་ལེགས་པར་སྒྲུབ་པ། གནད་དོན་ཤེས་རྟོགས་དང་བཅོས་སྐྱོང་ལ་བརྟེན་ནས་འགན་འཁྲི་དངོས་འབེབས་དང་ལས་དོན་སྐུལ་འདེད། ལམ་སྲོལ་འཐུས་ཚང་འཛུགས་པར་ལྡོག་སྐུལ་ཐེབས་པར་བྱེད་པ། བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་རྩིས་བཤེར་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་བསྣན་ཏེ། སྟོབས་ཡོད་ཕན་ལྡན་གྱི་རྩིས་བཤེར་ལྟ་རྟོག་ལ་བརྟེན་ནས་ཏང་ཀྲུང་དབྱང་གི་དཔལ་འབྱོར་བྱེད་ཕྱོགས་སྲིད་ཇུས་དང་ཇུས་ཆོད་བཀོད་སྒྲིག་གལ་ཆེན་མཚོ་སྔོན་དུ་དངོས་འབེབས་ལ་སྐུལ་འདེད་གཏོང་བར་ཁག་ཐེག་བྱེད་དགོས་པར་ནན་གྱིས་བསྟན།

ཚོགས་ཐོག་ནས་རྒྱལ་ཡོངས་རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཚོགས་འདུའི་དགོངས་དོན་སློབ་སྦྱོང་བརྒྱུད་སྒྲོག་བྱས་ནས། ཏང་གི་གསར་གཏོད་གཞུང་ལུགས་མུ་མཐུད་དུ་སྤྱད་ནས་སེམས་སྡུད་སྲོག་སྐྲུན་བྱེད་པ་དང་། བརྗོད་དོན་སློབ་གསོའི་གྲུབ་འབྲས་མུ་མཐུད་དུ་སྲ་བརྟན་རྒྱ་སྐྱེད་གཏོང་བ། ལས་བྱེད་པ་གསོ་སྦྱོང་བྱེད་ཤུགས་ཆེར་བསྐྱེད་ནས། གཞུང་ལུགས་སློབ་གསོ་གསོ་སྦྱོང་གི་ཡུན་ཕན་ལམ་ལུགས་འཐུས་ཚང་འཛུགས་དགོས། མགོ་ཁྲིད་ཚན་ཁག་དང་ལས་བྱེད་དཔུང་ཁག་འཛུགས་སྐྱོང་གཟབ་ནན་གྱིས་ལེགས་པར་འཛིན་པ་དང་། ཆབ་སྲིད་ཚད་གཞི་འབུར་དུ་དོད་པ། ལས་བྱེད་པ་ལས་བསྐོ་ལས་འབེབས་ཐུབ་པར་རྒྱུན་རྣམ་ཅན་གྱིས་སྐུལ་འདེད་བཏང་ནས། བློ་དཀར་སྤྱོད་གཙང་ཁུར་ཕོད་དང་རྩ་འཛུགས་མང་ཚོགས་ཀྱི་ཁས་ལེན། ཕྱོགས་སོ་སོའི་མངོན་ཚུལ་འབུར་ཐོན་གྱི་ལས་བྱེད་པ་གནད་འགག་གི་ལས་རྐང་ཐོག་འཇོག་དགོས། དོ་དམ་ནན་མོ་དང་གཅེས་སྐྱོང་ཟབ་མོ་རྒྱུན་འཁྱོངས་བྱས་ཏེ། རྒྱ་ཆེ་བའི་ཏང་ཡོད་ལས་བྱེད་པར་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་གྱི་གཡུལ་ས་གཙོ་བོ་ནས་ཁག་ཁུར་དངོས་གཉེར་དང་བྱས་རྗེས་གསར་པ་ཡང་བསྐྱར་འཇོག་ཐུབ་པར་སྣེ་ཁྲིད་བྱ་དགོས། གཞི་རིམ་ཏང་འཛུགས་སྐྱོང་གི་ཞན་ཆ་འཐུས་ཤོར་ཁ་གསབ་བྱེད་པར་དམིགས་པ་དང་། གཞི་རིམ་ཏང་འཛུགས་སྐྱོང་གི“གཅིག་ཅན་དྲུག”གི་ལས་དོན་བླང་བྱ་དངོས་འབེབས་ནན་ཏན་བྱས་ཏེ། ཁྱབ་ཁོངས་སོ་སོའི་ཏང་གི་གཞི་རིམ་རྩ་འཛུགས་སྔར་ལས་སྟོབས་ལྡན་ཤུགས་ཡོད་དུ་འཛུགས་སྐྱོང་བྱ་དགོས། རྩ་འཛུགས་སྡེ་ཁག་གི་རང་སྟེང་འཛུགས་སྐྱོང་ལ་མུ་མཐུད་དུ་ཤུགས་བསྣན་ནས། མིག་དཔེ་སྡེ་ཁག་དང་དཔུང་ཁག་སྟོབས་ལྡན་མུ་མཐུད་དུ་བསྐྲུན་དགོས་པར་བསྟན།

ཚོགས་ཐོག་ནས2023ལོའི་ཞིང་ཆེན་ཡོངས་ཀྱི་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་གནས་ཚུལ་སྙན་ཞུར་མཉན་ནས། དབང་ཆ་ཡོད་ན་འགན་འཁྲི་ཡང་ཡོད་པ་དང་དབང་ཆ་བཀོལ་བར་ལྟ་རྟོག་དགོས་པ་ཡིད་ལ་དམ་པོར་འཛིན་པ་དང་། ཁྲིམས་སྐྱོང་རིགས་ལམ་དང་ཁྲིམས་སྐྱོང་བྱེད་ཐབས་སྤྱད་ནས་གནད་དོན་ཐག་གཅོད་པའི་ནུས་པ་མུ་མཐུད་དུ་མཐོར་འདེགས་པ། སྲིད་གཞུང་དང་སྤྱི་ཚོགས་ཁྲོམ་རའི་འབྲེལ་བ་ཁོང་དུ་ལེགས་པར་ཆུད་པ། རང་རྟོགས་སྒོས་དམངས་ཆེན་དང་སྲིད་གྲོས། དམངས་གཙོ་ཏང་ཁག མི་དམངས་མང་ཚོགས་བཅས་ཀྱི་ལྟ་རྟོག་དང་ལེན་བྱེད་པ། གཞི་རིམ་སྲིད་གཞུང་གི་ཁྲིམས་ལྟར་སྲིད་སྐྱོང་གི་ནུས་པ་ཆུ་ཚད་ངེས་པ་དོན་གྱིས་མཐོར་བཏེགས་ཏེ། སྔར་ལ་སྟོབས་ཡོད་པའི་ཁྲིམས་སྐྱོང་འགན་ལེན་ལ་བརྟེན་ནས་རྩ་བ་བརྟན་པ་དང་སྔོན་དཔག་བརླིང་བ། ཡུན་རིང་ལ་ཕན་པ་བཅས་བྱ་དགོས་པར་ནན་གྱིས་བསྟན།

ཚོགས་ཐོག་ནས་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི2024ལོའི་ཁྲིམས་འཛུགས་ལས་དོན་འཆར་གཞི་ལ་གྲོས་ཞིབ་བྱས་ནས། ཏང་གིས་ཁྲིམས་འཛུགས་ལ་མགོ་ཁྲིད་པའི་ཆབ་སྲིད་རྩ་དོན་དུས་དང་རྣམ་པ་ཀུན་ཏུ་བརྟན་སྲུང་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་ལས་དོན་ཐད་ཀྱི་བླང་བྱ་གལ་ཆེན་ལ་ཚད་སྡུར་རེའུ་སྡུར་གནད་སྨིན་བྱེད་པ། མང་ཚོགས་ཀྱི་ཡར་ཞུ་དྲག་པོའི་འབུར་ཐོན་གནད་དོན་དང་གནད་དོན“རྙིང་པ་དང་ཆེན་པོ། དཀའ་མོ”བཅས་ལ་དམ་པོར་དམིགས་པ། རྒྱུ་རྐྱེན་ཡང་དག་པར་འཚོལ་བ་དང་བྱེད་ཐབས་དངོས་ལག་ཏུ་བསྟར་ནས། ས་གནས་རང་བཞིན་གྱི་ཁྲིམས་སྲོལ་འཛུགས་ཐུབ་པ་དང་སྤྱོད་རུང་བ། གོ་ཆོད་པ་བཅས་བྱེད་དུ་འཇུག་དགོས་པར་བསྟན།

ཚོགས་ཐོག་ནས2023ལོའི་ཞིང་ཆེན་ཡོངས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་འགན་འཁྲི་ལམ་ལུགས་དཔྱད་ཞིབ་གནས་ཚུལ་སྙན་ཞུར་མཉན་ནས། དོན་དམ་པར་དོ་དམ་ནན་མོ་བྱེད་པ་དང་། གཟབ་ནན་གྱི་དགོངས་གཞི་གཙོ་བོར་གཡོ་འགུལ་མི་གཏོང་བ་རྒྱུན་འཁྱོངས་བྱས་ཏེ། མགོ་ཁྲིད་ལས་བྱེད་པ6ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་དགོངས་དོན་དང་ཚབས་ཆེན་འགལ་བའི་གནད་དོན་དཔེ་གཞིར་བརྟེན་ནས་བཅོས་སྐྱོང་ལ་སྐུལ་བའི་ཆེད་དོན་སློབ་གསོའི་བཅོས་སྐྱོང་མུ་མཐུད་དུ་ཟབ་མོར་སྤེལ་དགོས། གནད་དོན་ཐག་གཅོད་པ་དང་། ཞིང་ཆེན་ཡོངས་ཀྱི་ཕྱོགས་ཡོངས་ནས་ཏང་ནན་མོས་སྐྱོང་བར་འཕྲད་པའི་དཀའ་གནད་གནད་དོན་དམ་པོར་སྦྲེལ་བ། ཁ་གཏད་རང་བཞིན་གྱིས་དཔྱད་ཞིབ་དམིགས་ཚད་བཟོ་བ་དང་། ཁྱད་པར་བཟོ་སྐྲུན་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་ཚོང་འགུག་དངུལ་གཏོང་དང་ནོར་དཔལ་སྒྲིག་ལམ་སོགས་སྔར་ལས་འབུར་དུ་དོད་པའི་གོ་གནས་སུ་བཞག་ནས། ཆད་པ་འཚོལ་བ་དང་འཐུས་ཤོར་མེད་པར་ལས་དོན་སྐུལ་འདེད་གཏོང་དགོས། དཔྱད་ཞིབ་མཇུག་འབྲས་བེད་སྤྱོད་ལེགས་པོ་བྱེད་པ་དང་། “གནད་འགག་ཉུང་ཤས”འཛིན་ཐུབ་པར་བྱས་ཏེ། དཔྱད་ཞིབ་ལ་བརྟེན་ནས་འཛུགས་སྐྱོང་ལ་སྐུལ་བ་དང་དཔྱད་ཞིབ་ལ་བརྟེན་ནས་ལས་གཉེར་སྐུལ་དགོས་པར་ནན་གྱིས་བསྟན།

ཚོགས་ཐོག་ནས《མཚོ་སྔོན་ཞིང་ཆེན་གྱིས་རྣམ་པ་གསར་པའི་བཟོ་ལས་ཅན་ལ་མྱུར་ཏུ་སྐུལ་འདེད་གཏོང་བའི་ལག་བསྟར་ཇུས་གཞི》ལ་གྲོས་ཞིབ་བྱས་ནས། མཚོ་སྔོན་གྱི་དངོས་ཡོད་དང་ཟུང་འབྲེལ་དམ་པོ་བྱེད་པ་དང་། ཐོན་ཁུངས་དགེ་མཚན་དང་ལྗང་ནུས་དགེ་མཚན། ཐོན་ལས་རྨང་གཞི་བཅས་ལ་རྐང་འཛུགས་པ། འཕེལ་རྒྱས་ཁ་ཕྱོགས་དང་ངེས་གནས། གཙོ་གནད་བཅས་ཡང་དག་པར་བཙལ་ནས། མཚོ་སྔོན་གྱི་དངོས་ཡོད་དང་འཚམ་པའི་རྣམ་པ་གསར་པའི་བཟོ་ལས་ཅན་གྱི་འཕེལ་རྒྱས་བགྲོད་ལམ་ཞིག་ཏུ་བསྐྱོད་དགོས། “མཐོ་ས”དང“གནས་བཞི”འཛུགས་སྐྲུན་ལ་དམིགས་པ་དང་། ཚན་རྩལ་གསར་གཏོད་སྡུད་སྒྲིག་བྱེད་པ། ཚན་རྩལ་སློབ་གླེང་གི་རྨང་གཞིའི་ཞིབ་འཇུག་ཆུ་ཚད་བརྟན་བརླིང་གིས་མཐོར་འདེགས་པ། ཁེ་ལས་གཙོ་གཞི་ཡིན་པའི་གསར་གཏོད་ནུས་པ་འཛུགས་སྐྱོང་ལ་སྟོབས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱེད་པ། སྲོལ་རྒྱུན་ཐོན་ལས་བཟོ་བཅོས་མཐོར་འདེགས་པ། གྲངས་འཛིན་དཔལ་འབྱོར་ཤུགས་ཆེན་པོས་འཕེལ་རྒྱས་གཏོང་བ། ནུས་ཁུངས་གསར་པ་དང་རྒྱུ་ཆ་གསར་པ་སོགས་ཁྱད་ལྡན་ཐོན་ལས་ཀྱི་འགྲན་རྩོད་ནུས་པ་ཆེར་སྐྱེད་པ། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་དང་མ་འོངས་ཐོན་ལས་གསོ་སྐྱོང་སྟོབས་ལྡན་དུ་གཏོང་བ། རང་བཞིན་གསར་པའི་ཐོན་སྐྱེད་ནུས་པ་མྱུར་ཏུ་ཆགས་པར་བྱས་ཏེ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ལ་འདེགས་སྐྱོར་གལ་ཆེན་འདོན་སྤྲོད་བྱེད་དགོས་པར་བསྟན། ། 

 
རྩོམ་སྒྲིག་པ། : གསང་བདག་རྒྱལ།