ཀྲུང་གོ་བོད་ཀྱི་དྲ་བ།

གཙང་གསུམ་འབྱུང་ཡུལ་ས་ཁུལ་གྱི་ཞིབ་དཔྱོད་ཁང་གིས་རྒྱལ་ཁབ་གཙོ་གནད་སྲུང་སྐྱོང་སྐྱེ་དངོས་ལ་གནོད་པ་བཏང་བའི་གྱོད་དོན་ཐད་གཞུང་གཏུག་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2024-02-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་གཙང་གསུམ་འབྱུང་ཡུལ་ས་ཁུལ་གྱི་མི་དམངས་ཞིབ་དཔྱོད་ཁང་གིས་ཁྲིམས་ལྟར་རི་སྐྱེས་སྐྱེ་དངོས་སྲོ་ལོ་དམར་པོའི་ཐོན་ཁུངས་ལ་གཏོར་བརླག་བཟོས་པའི་ཉེས་དོན་གྱོད་དོན་དང་། རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོང་སྐྱེ་དངོས་ནག་ཉེས་གྱོད་དོན་གསུམ་གཞུང་གཏུག་བྱས་པ་དང་། དུས་མཉམ་དུ་ཉེས་དོན་དང་དམངས་དོན་སྤྱི་ཕན་ཞུ་གཏུག་བྱས་ཏེ། ཞུ་སྦྱོར་ཕྱི་མའི་རྩྭ་ཐང་སྐྱེ་ཁམས་མ་ལག་ཞབས་ཞུའི་རིན་ཐང་གནོད་འཚེའི་ཐད་སྐྱེ་ཁམས་སྐྱིན་ཚབ་འཇལ་བའི་བླང་བྱ་བཏོན་པ་མ་ཟད། ཞིང་ཆེན་རིམ་པ་ཡན་གྱི་སྨྱན་བྱད་སྟེང་དགོངས་དག་ཞུ་དགོས་པའི་བླང་བྱ་བཏོན། 

གཙང་གསུམ་འབྱུང་ཡུལ་ས་ཁུལ་གྱི་ཞིབ་དཔྱོད་ཁང་གིས་ཞིབ་བཤེར་ཞུ་གཏུག་བྱེད་པའི་སྐབས་སུ། སྲོ་ལོ་དམར་པོ་བརྐོ་བའི་ནག་ཉེས་3ལ་ཆད་པ་གཅོད་པའི་རྩ་དོན་ལྟར།  མྱུལ་ཞིབ་ལས་ཁུངས་ཀྱིས་ཞུ་གཏུག་བྱས་པའི་ནག་ཉེས་དོགས་ཡོད་ཉེས་ཅན་མི15ལ་ཐག་གཅོད་བྱས་པ་དང་། ནག་ཉེས་ཅུང་ཚབས་ཆེ་བའི་དོགས་ཡོད་ཉེས་ཅན་མི4དང་། རྒྱལ་ཁབ་གཙོ་གནད་སྲུང་སྐྱོང་སྐྱེ་དངོས་ནག་ཉེས་གཞུང་གཏུག་བྱས་ཤིང་། གླ་བར་གླ་ཕོགས་དང་། ནག་ཉེས་ཅུང་ཆུང་བའི་དོགས་ཡོད་ཉེས་ཅན་མི11ལ་སྲིད་འཛིན་ལས་ཁུངས་སུ་སྤྲད་དེ་སྲིད་འཛིན་ཆད་གཅོད་བྱས། ཚན་རིག་ལྟར་སྲོ་ལོ་དམར་པོ་བརྐོས་ཏེ་མཐོ་སྒང་སྐྱེ་ཁམས་ཁོར་ཡུག་ལ་གནོད་འཚེ་བཟོས་པའི་སྐྱིན་ཚབ་རིན་ཐང་ལྟར། འགན་སྒྲུབ་ཞིབ་དཔྱོད་དཔོན་དང་འབྲེལ་ཡོད་ཆེད་མཁས་པས་ཐེངས་མང་པོར་བཞུགས་མོལ་བགྲོ་གླེང་བྱས་པ་དང་། ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་དང་མཐོ་སྒང་སྐྱེ་དངོས་ཞིབ་འཇུག་ཁང་ཁྲིམས་འཛིན་ཞིབ་བཤེར་བྱས་ཏེ་བཏོན་པའི《རྫ་སྟོད་རྫོང་གི་སྲོ་ལོ་དམར་པོ་བརྐོས་རྗེས་ཀྱི་རྩྭ་ཐང་གནོད་འཚེའི་དཔྱད་འཇོག་སྙན་ཞུ》དང《སྙན་ཞུ》ཡིས་ཞབས་ཞུའི་རིན་ཐང་དང་། ཞབས་ཞུའི་རིན་ཐང་སྡེབ་སྒྲིག སྐྱེ་དངོས་སྣ་མང་ཅན་གྱི་རིན་ཐང་། རིག་གནས་ཞབས་ཞུའི་རིན་ཐང་བཅས་ཕྱོགས་བཞི་ནས། སྲོ་ལོ་དམར་པོ་བརྐོ་བ་དེས་རྩྭ་ཐང་སྐྱེ་ཁམས་ཁོར་ཡུག་ལ་བཟོས་པའི་གནོད་འཚེའི་རིན་ཐང་ཐད་ནས་དཔྱད་འཇོག་དང་ཞིབ་རྩིས་བྱས། དཔྱད་འཇོག་བྱས་པ་བརྒྱུད། རི་སྐྱེས་སྲོ་ལོ་དམར་པོའི་གྱོད་འབྲེལ་རྩྭ་ཐང་གནོད་འཚེའི་ཚད་རིམ་དེ“གནོད་འཚེ་ལྕི་ཤོས”སུ་ངོས་འཛིན་བྱས།

སྲོ་ལོ་དམར་པོ་དེ་མཐོ་སྒང་གི་ཁྱད་ཡོད་སྐྱེ་དངོས་རྩ་ཆེན་ཞིག་ཡིན་པའི་ཆ་ནས། ས་བབ་མཐོ་ཚད་སྨི2000ཡན་གྱི་གྲང་ངར་ཆེ་བའི་འབག་བཙོག་མེད་པའི་ས་ཁུལ་དུ་སྐྱེས་ཡོད་ཅིང་། སྐྱེ་ཡུན་ལོ5ནས7ཡིན་ལ། སྨན་སྤྱོད་ཀྱི་རིན་ཐང་ལྡན་པ་མ་ཟད། མཐོ་སྒང་སྐྱེ་ཁམས་མ་ལག་དོ་མཉམ་ཁྲོད་ཚབ་བྱེད་མི་རུང་བའི་བྱེད་ནུས་ཡོད། སྲོ་ལོ་དམར་པོ་དེ2021ལོར《རྒྱལ་ཁབ་གཙོ་གནད་རི་སྐྱེས་སྐྱེ་དངོས་སྲུང་སྐྱོང་དཀར་ཆག》ཁྲོད་བླངས་ཏེ། རྒྱལ་ཁབ་ཀྱི་རིམ་པ་གཉིས་ཀྱི་གཙོ་གནད་སྲུང་སྐྱོང་རི་སྐྱེས་སྐྱེ་དངོས་ཁྲོད་བླངས་པ་མ་ཟད། 《ཉེན་ཁ་ཆེ་བའི་སྐྱེ་དངོས་སྲོག་ཆགས་རྒྱལ་སྤྱིའི་ཉོ་ཚོང་སྤྱི་ཆིངས》ཁྲོད་བླངས་ཤིང་། ཁྲིམས་འགལ་ངང་བརྐོ་མི་ཆོག་པ་རེད།  ། 

 
རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།