ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཚོགས་འདུ་དང་རྒྱུན་ལས་ཚོགས་འདུ་སྔ་རྗེས་སུ་འཚོགས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2024-02-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས20ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅིའམ་ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་སྔ་རྗེས་སུ་མགོ་འཛིན་མཛད་ནས་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཚོགས་འདུ་དང་རྒྱུན་ལས་ཚོགས་འདུ་བསྡུས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན། ཀྲུང་དབྱང་གི་ཚོགས་འདུ་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བརྒྱུད་སྒྲོག་གནང་བ་དང་། ཞིང་ཆེན་ཏང་ཨུའི་བླང་བྱ་དངོས་འབེབས་བྱས་པ། འབྲེལ་ཡོད་ལས་དོན་ལ་ཞིབ་འཇུག་བྱས།

ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ལོ་སར་ལོ་ཚོགས་དང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་སློབ་སྦྱོང་ཐེངས་བཅུ་གཅིག་པ། ཐེན་ཅིན་དུ་ཕེབས་ནས་གཞི་རིམ་གྱི་ལས་བྱེད་མང་ཚོགས་ལ་གཟིགས་སྐྱོང་འཚམས་ཞུ། ཀྲུང་དབྱང་གི་ཕྱོགས་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཞི་པ་བཅས་ཀྱི་ཐོག་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བརྒྱུད་སྒྲོག་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གལ་ཆེན་དང་ཚད་སྡུར་རེའུ་སྡུར་བྱེད་པ་དང་། “མགོ་བརྩམས་མ་ཐག་གདོང་མཆོང་ཡིན་ལ་རྟིང་ཐག་གཅོད་པའང་ཡིན་པའི”རྣམ་འགྱུར་ལ་བརྟེན་ནས། གཙོ་གནད་འབུར་དུ་དོད་པ་དང་གནད་འགག་ཁོང་དུ་ཆུད་པ། བློ་བརྟན་མདུན་སྐྱོད་དང་བདེན་འཛིན་དངོས་གཉེར་བྱེད་པ། ལས་གཞི་ཅན་དང་གསལ་ཐོ་ཅན་གྱིས་གཙོ་གནད་ལས་འགན་དངོས་འབེབས་ལ་སྐུལ་འདེད་བཏང་སྟེ། འབད་པ་ཆེན་པོས་མགོ་ལེགས་པར་རྩོམ་དགོས། རང་གཤིས་གསར་པའི་ཐོན་སྐྱེད་སྟོབས་ཤུགས་ཀྱི་ནང་དོན་གཙོ་གནད་ཡང་དག་པར་ཁོང་དུ་ཆུད་པ་དང་། ཐོན་ལས་ཀྱི“གནས་བཞིའི”སྣེ་ཁྲིད་རྒྱུན་འཁྱོངས་བྱེད་པ། ཚན་རྩལ་གསར་གཏོད་ལ་ཤུགས་སྣོན་པ། འཕེལ་རྒྱས་རྣམ་པ་ལྗང་མདོག་ཚུལ་སྒྱུར་ལ་སྐུལ་འདེད་གཏོང་བ། ཐོན་ལས་གསར་པ་དང་རྣམ་པ་གསར་པ། སྒུལ་ནུས་གསར་པ་བཅས་མུ་མཐུད་དུ་སྐྱེད་པར་སྐུལ་ནས། རང་གཤིས་གསར་པའི་ཐོན་སྐྱེད་སྟོབས་ཤུགས་མྱུར་ཏུ་ཆགས་པར་བྱེད་དགོས། གནོད་རྗེས་སླར་གསོ་བསྐྱར་སྐྲུན་ལས་དོན་ཞིབ་དངོས་ལྡན་པར་སྒྲུབ་པ་དང་། སྡོད་ཁང་སྐྱོན་ཅན་ཞིག་གསོ་དང་བསྐྱར་སྐྲུན། གནས་སྤོར་བཅས་ལེགས་པར་སྒྲུབ་པར་དམིགས་ནས། གནོད་ཐེབས་མང་ཚོགས་བདེ་སྡོད་ལས་སྤྲོ་ལ་ཁག་ཐེག་བྱེད་དགོས། གནད་དོན་ཕྱོགས་སྟོན་རྒྱུན་འཁྱོངས་བྱེད་པ་དང་། བཅོས་སྒྱུར་གྱི་ཐུན་མོང་ངོས་འཛིན་གཅིག་ཏུ་སྡུད་པ། མཐུན་སྦྱོར་སྐུལ་འདེད་ལ་ཤུགས་བསྣན་ནས། བཅོས་སྒྱུར་ལས་འགན་གལ་ཆེན་ལ་སྐུལ་འདེད་དང་དངོས་འབེབས་བྱེད་པར་སྟོབས་ཤུགས་ཡོད་རྒུས་ལེགས་པར་འཛོན་དགོས་པར་ནན་གྱིས་བསྟན།

ཚོགས་ཐོག་ནས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཚོགས་འདུའི་དགོངས་དོན་སློབ་སྦྱོང་བརྒྱུད་སྒྲོག་བྱས་ནས། ཏང་ཀྲུང་དབྱང་གིས་གཅིག་སྡུད་གཅིག་གྱུར་གྱི་མགོ་ཁྲིད་བྱེད་པའི་ཆེས་མཐོ་བའི་ཆབ་སྲིད་ཀྱི་རྩ་དོན་འདི་རྒྱུན་འཁྱོངས་བྱེད་པ་དང་། ལས་དོན་གལ་ཆེན་དགོངས་ཞུ་སྙན་ཞུའི་ལམ་ལུགས་ལག་བསྟར་གཟབ་ནན་བྱས་ཏེ། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་གི་ལག་བསྟར་པ་དང་འགུལ་སྐྱོད་ཤོག་ཁག དངོས་གཉེར་པ་བཅས་བློ་བརྟན་འགྱུར་མེད་སྒོས་ལེགས་པར་བྱེད་དགོས། ཆབ་སྲིད་འགན་འཁྲི་ཕྲག་ཏུ་བརྟན་པོར་ལེན་པ་དང་། ཡུན་ཕན་ལམ་སྲོལ་འཐུས་ཚང་བཙུགས་ནས། བརྗོད་དོན་སློབ་གསོའི་གྲུབ་འབྲས་སྔར་ལས་ལེགས་པར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཕན་འབྲས་སུ་སྒྱུར་དགོས། 《ཀྲུང་གོའི་གུང་ཁྲན་ཏང་གི་སྐོར་ཞིབ་ལས་དོན་སྲོལ་ཡིག》སློབ་སྦྱོང་ཟབ་མོ་དང་ལག་བསྟར་མཐར་ཕྱིན་བྱེད་པ་དང་། སྐོར་ཞིབ་ཕྱིར་ལྡོག་གནད་དོན་བཅོས་སྐྱོང་ཇེ་དྲག་ཏུ་བཏང་ནས། སྐོར་ཞིབ་གྲུབ་འབྲས་ཕྱོགས་བསྡུས་སྒོས་ལེགས་པར་སྤྱོད་དགོས་པར་ནན་གྱིས་བསྟན།

ཚོགས་ཐོག་ནས་ཟླ2པའི་ཚེས2ཉིན་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་བརྒྱུད་སྒྲོག་བྱས་ནས། སྔོན་སྐྱོད་སྔོན་འཛིན་བྱེད་པ་དང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་ཐོན་ལས་ཀྱི“གནས་བཞི།” ལས་གཞི་དངུལ་གཏོང་། ཚོང་དོན་འཁོར་རྒྱུག བཅོས་སྒྱུར་གསར་གཏོད། དམངས་འཚོ་འགན་ལེན། ཉེན་ཁ་འགོག་ཟོན་ཐག་གཅོད་སོགས་ཀྱི་ལས་དོན་སོ་སོ་ནན་ཏན་སྒོས་ལེགས་པར་བསྒྲུབས་ཏེ། མགོ་བརྩམས་མ་ཐག་ངོ་མཚར་རྨད་དུ་བྱུང་བར་བརྟེན་ནས་ལོ་ཧྲིལ་པོར་ངོ་མཚན་སྐྲུན་དགོས་པར་ནན་གྱིས་བསྟན།

ཚོགས་ཐོག་ནས་རྣམ་པ་རིང་ལུགས་བཅོས་སྐྱོང་ལ་བསྟུད་མར་སྐུལ་འདེད་བཏང་ནས་གཞི་རིམ་གྱི་འགན་འཁྲི་ཆག་ཡང་གཏོང་བའི་ལས་དོན་ལ་ཞིབ་འཇུག་བཀོད་སྒྲིག་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གཞི་རིམ་འགན་འཁྲི་ཆག་ཡང་གཏོང་བའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་མཐར་ཕྱིན་ནན་ཏན་བྱེད་པ་དང་། ཡང་དག་པའི་སྲིད་བྱས་ལྟ་བ་འཛུགས་པ་དང་ལག་ཏུ་བསྟར་བར་སྐུལ་འདེད་གཏོང་བ། གཞི་རིམ་གྱི་འགན་འཁྲི་ཆག་ཡང་གཏོང་བའི་བྱེད་ཐབས་ཁག་དངོས་འབེབས་གཟབ་ནན་བྱེད་པ། རྣམ་པ་རིང་ལུགས་ཀྱི་འབུར་ཐོན་གནད་དོན་མཐའ་གཅིག་ཏུ་ཡོ་བཅོས་བྱས་ཏེ། རྒྱ་ཆེ་བའི་ཏང་ཡོད་ལས་བྱེད་པས་ཁག་ཁུར་བྱས་ཡོད་དང་ལས་སྒྲུབ་ལས་གཏོད་བྱེད་པར་སྔར་ལས་ལེགས་པར་སྐུལ་མ་གཏོང་དགོས་པར་ནན་གྱིས་བསྟན།

ཚོགས་ཐོག་ནས་འཕྲིན་བཅར་ལས་དོན་གནས་ཚུལ་སྙན་ཞུར་མཉན་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་འཕྲིན་བཅར་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་གཏོང་བའི་སྐོར་གྱི་དགོངས་པ་གལ་ཆེན་ལ་ཕྱོགས་ཡོངས་ནས་སློབ་སྦྱོང་ལག་བསྟར་བྱེད་པ་དང་། འཕྲིན་བཅར་ལས་དོན་ཁྲིམས་སྐྱོང་ཅན་ལ་སྐུལ་འདེད་ཟབ་མོ་གཏོང་བ། འཕྲིན་བཅར་གནད་དོན་གྱི་མགོ་ཁུངས་བཅོས་སྐྱོང་གི་ལོ་གསུམ་འགག་སྒྲོལ་འགུལ་སྐྱོད་ཟབ་མོར་སྤེལ་བ། འཕྲིན་བཅར་ཆ་འཕྲིན་ཅན་འཛུགས་སྐྱོང་ལ་མྱུར་ཏུ་སྐུལ་འདེད་བཏང་སྟེ། འཕྲིན་བཅར་ལས་དོན་གྱི་སྤུས་ཀ་དང་ཕན་ཕྱོད་མུ་མཐུད་དུ་མཐོར་འདེགས་དགོས་པར་ནན་གྱིས་བསྟན།

ཚོགས་ཐོག་ནས《ས་འོག་ཆུ་དོ་དམ་ལས་དོན་ལ་སྔར་ལས་ལྷག་པར་ཤུགས་སྣོན་པའི་སྐོར་གྱི་བསམ་འཆར》དང《ཚྭ་འདམ་གཞོང་ཆུའི་ཐོན་ཁུངས་དོ་དམ་ལས་དོན་ལ་སྔར་ལས་ལྷག་པར་ཤུགས་སྣོན་པའི་སྐོར་གྱི་བསམ་འཆར》ལ་གྲོས་ཞིབ་བྱས་ཤིང་རྩ་དོན་ཐོག་གྲོས་འཆམ་བྱུང་། ཚོགས་ཐོག་ནས《མཚོ་སྔོན་ཞིང་ཆེན་ཆུ་བེད་བཟོ་སྐྲུན་དོ་དམ་སྲོལ་ཡིག(འཆར་ཟིན)》ལ་བགྲོ་གླེང་བྱས་ཤིང་རྩ་དོན་ཐོག་གྲོས་འཆམ་བྱུང་། སྔར་ལས་ལྷག་པར་བཟོ་བཅོས་འཐུས་ཚང་དུ་བཏང་རྗེས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་གྲོས་ཞིབ་ཏུ་ཡར་སྤྲོད་ཞུ་རྒྱུའི་རེ་བ་བཏོན།

ཚོགས་ཐོག་ནས་ད་དུང་དོན་དག་གཞན་ལའང་ཞིབ་འཇུག་བྱས། ། 

 
རྩོམ་སྒྲིག་པ། : གསང་བདག་རྒྱལ།