ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་ཤར་གྱིས་སྤུས་ཚད་མཐོ་བའི་སྐྱེ་ཁམས་ཁོར་ཡུག་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གཞོགས་འདེགས་བྱས།

ཡོང་ཁུངས། : གངས་ལྗོངས་མེ་ལོང་།     སྤེལ་དུས། : 2024-02-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིས་སྟོང་ཉེར་གསུམ་ལོར། མཚོ་ཤར་གྲོང་ཁྱེར་གྱི་ཁོར་ཡུག་མཁའ་དབུགས་སྤུས་ཚད་ལེགས་པའི་ཚད་བརྒྱ་ཆའི་གོ་བཞི་དང་གྲངས་ཆུང་དགུ་ཡིན་པ་དང་། དུས་མཉམ་ལས་བརྒྱ་ཆའི་གྲངས་གནས་གཉིས་དང་གྲངས་ཆུང་གསུམ་མཐོར་འདེགས་བྱུང་། རྨ་ཆུ་དང་འཇུ་ལག་ཆུ་བོའི་སྤུས་ཚད་རིགས་དང་པོར་སླེབས་ཡོད་པ་དང་། ཙོང་ཆུའི་སྤུས་ཚད་རིགས་གསུམ་པར་སླེབས་ཡོད། ཟླ་དང་པོའི་ཚེས་བཅུ་དྲུག་ཉིན་གསར་འགོད་པས་མཚོ་ཤར་གྲོང་ཁྱེར་གྱི་ཚོགས་ཆེན་གཉིས་ནས་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་ཤར་གྲོང་ཁྱེར་གྱི་ཚད་གཞི་མཐོ་བའི་སྒོ་ནས་གནམ་སྔོ་ཞིང་། ཆུ་དྭངས་པ། རྡུལ་དག་པའི་ཁོར་སྲུང་བྱ་བ་གཏིང་ཟབ་ཏུ་སྤེལ་བ་དང་། བསྟུད་མར་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ལེགས་བཅོས་བྱས་ནས། སྤུས་ཚད་མཐོ་བའི་སྐྱེ་ཁམས་ཁོར་ཡུག་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གཞོགས་འདེགས་བྱས།

ཉེ་བའི་ལོ་འགའི་རིང་ལ། མཚོ་ཤར་གྲོང་ཁྱེར་གྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་གཏིང་ཟབ་ཏུ་ལག་ལེན་མཐར་ཕྱིན་བྱས་ཤིང་། ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་ཀྱི་དོན་ཆེན་ཡིད་ལ་དམ་པོར་བཅངས་ཏེ། ལྗང་མདོག་གི་འགོག་ཡོལ་དང་ལྗང་མདོག་གི་གྲོག་རོང་། ལྗང་མདོག་གི་མཁར་ཁུལ་བཅས་ལ་བརྟེན་ནས་ཤུགས་ཆེན་པོས་ལྗང་མདོག་མཚོ་ཤར་གྱི་གསུམ་གསུམ་གསུམ་གྱི་ས་ཁོངས་ཧྲིལ་བོའི་སྐྱེ་ཁམས་དར་སྤེལ་བཟོ་སྐྲུན་ལག་བསྟར་བྱས་པ་དང་། ཕྱོགས་ཡོངས་ནས་ཆུ་དཔོན་མཚོ་དཔོན། ནགས་རྩྭའི་དཔོན་པོའི་ལམ་ལུགས་དངོས་འབེབས་བྱས་ཏེ། ས་རྒོད་ཀྱི་ལེགས་བཅོས་དང་བརླན་སའི་སྐྱེ་ཁམས་སླར་གསོ། ས་ཁོངས་ཧྲིལ་བོའི་རྒྱལ་ཁོངས་ལྗང་བསྒྱུར། གྲོང་ཁྱེར་གྱི་ས་ཁུལ་གཙོ་བོའི་ལྗང་བསྒྱུར་བཅས་ལ་ནན་ཏན་གྱིས་སྐུལ་འདེད་བཏང་། ཚད་གཞི་མཐོ་བའི་སྒོ་ནས་ལི་ཏུའུ་ཆིས་ཏཱ་ཏིས་ཝན་ས་ཁུལ་དང་མཚོ་ཤར་གྲོང་ཁྱེར་དཀྱིལ་སྙིང་ས་ཁུལ་སོགས་ལྗང་བསྒྱུར་རྣམ་གྲངས་གཙོ་བོ་བརྒྱད་ལག་བསྟར་བྱས་པ་དང་། དཔྱིད་སྟོན་དུས་ཚིགས་གཉིས་ཀྱི་འོས་འགན་སྡོང་འཛུགས་བྱ་འགུལ་སྤེལ་བར་མི་ཐེངས་ས་ཡ་ལྷག་ཞུགས་ནས། རྒྱལ་ཁོངས་ལྗང་བསྒྱུར་བྱས་ཚད་ཀུང་ཆིང་ཁྲི་ལྔ་དང་སྟོང་གསུམ་བཞི་བརྒྱ་གོ་བཞི་ཡོངས་འགྲུབ་བྱས་པ་དང་། གྲོང་ཁུལ་འཛུགས་སྐྲུན་གྱི་ལྗང་བསྒྱུར་ཁེབས་ཚད་བརྒྱ་ཆའི་སོ་བཞི་དང་གྲངས་ཆུང་དགུ་གསུམ་ལ་བསླེབས་ཡོད་ལ། གྲོང་ཁྱེར་ཡོངས་ཀྱི་ནགས་ཚལ་གྱི་ཁེབས་ཚད་བརྒྱ་ཆའི་སོ་དྲུག་ལ་བསླེབས་ཡོད།

རྒྱུས་ལོན་བྱུང་བ་ལྟར་ན། མཚོ་ཤར་གྲོང་ཁྱེར་གྱིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཨུ་ཡོན་ལྷན་ཁང་བཙུགས་ཏེ། ཕན་ནུས་ལྡན་པའི་སྒོ་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འགན་འཁྲིའི་གསལ་ཁྲ་དང་སྐྱེ་ཁམས་ཁོར་ཡུག་ལ་གཏོར་བརླག་བཏང་བའི་སྐྱིན་ཚབ་ལམ་ལུགས་དངོས་འབེབས་བྱས་པ་དང་། ཏང་ཨུས་མགོ་ཁྲིད་པ་དང་སྲིད་གཞུང་གིས་གཙོ་ཁྲིད་བྱེད་པ། ཁེ་ལས་གཙོ་བོར་བྱེད་པ། སྤྱི་ཚོགས་རྩ་འཛུགས་དང་མང་ཚོགས་མཉམ་དུ་ཟབ་ཞུགས་བྱེད་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་རྣམ་པ་རིམ་བཞིན་ཆགས་པར་བྱས་ཡོད། ཉིས་སྟོང་ཉེར་གསུམ་ལོར་བསྡོམས་པས་ཁྲིམས་འགལ་བྱ་སྤྱོད་ང་གཅིག་ལ་གྱོད་དོན་ཐོ་འགོད་བྱས་ནས་རྩད་གཅོད་བྱས་པ་དང་། ཆད་གཅོད་བྱས་པའི་མ་དངུལ་སྒོར་ས་ཡ་ལྔ་དང་འབུམ་བདུན་ཁྲི་གཉིས་ལྷག་ཡིན། སྣེ་ཁྲིད་ནས་སྐྱེ་ཁམས་ཁོར་ཡུག་ལ་གཏོར་བརླག་བཏང་བའི་སྐྱིན་ཚབ་གྱོད་དོན་དྲུག་ཡོངས་འགྲུབ་བྱས་པ་དང་། སྐྱེ་ཁམས་ཁོར་ཡུག་གཏོར་བརླག་གི་རིན་གོང་ཚད་འཇལ་བྱས་པ་སྒོར་ས་ཡ་གཅིག་དང་འབུམ་གསུམ་ཁྲི་དགུ་ལྷག་རེད།  །

 
རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།