ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་གྱིས་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་ཕན་ཡོད་སྒོས་སྲ་བརྟན་དུ་བཏང་།

ཡོང་ཁུངས། : གངས་ལྗོངས་མེ་ལོང་།     སྤེལ་དུས། : 2024-02-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས6ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་གྱིས་སྔ་མོ་ནས་ཤེས་རྟོགས་བྱུང་བ་དང་སྔ་མོ་ནས་ཐེ་གཏོགས་བྱས་ལ། སྔ་མོ་ནས་རོགས་སྐྱོར་བྱས་ཏེ། མིག་སྔར་ཞིང་ཆེན་ཡོངས་སུ་བསྡོམས་པས་ཁྱིམ་ཚང་ཁྲི་གཅིག་དང་སྟོང་གཉིས་དགུ་བརྒྱ་ཉི་ཤུ་དང་མི་གྲངས་ཁྲི་བཞི་སྟོང་ལྔ་བཞི་བརྒྱ་རེ་ལྔ་ཚད་ལེན་ཁ་གཏད་ཁྲོད་དུ་ཚུད་ཅིང་། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གྲོང་གསེབ་དར་སྤེལ་གྱི་རོགས་སྐྱོར་རྫོང་གཙོ་བོ་ཉེར་ལྔ་ལ་དམ་དུ་དམིགས་ནས། ཞན་ཆ་ཁ་གསབ་དང་གྲུབ་འབྲས་སྲ་བརྟན། གྲོང་གསེབ་ཁྱོན་ཡོངས་ནས་དར་སྤེལ་ལ་སྐུལ་འདེད་བཏང་ནས། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་དེ་ཕན་ཡོད་སྒོས་སྲ་བརྟན་དུ་བཏང་། 

ཤར་ནུབ་རྒྱུད་རོགས་ལས་མཐུན་སྦྱོར་སྔར་མེད་གཏིང་ཟབ་ཏུ་སྤེལ་ནས། ཉིས་སྟོང་ཉེར་གསུམ་ལོར་རོགས་རེས་མཐུན་སྦྱོར་མ་དངུལ་སྒོར་དུང་ཕྱུར་བརྒྱད་དང་བྱེ་བ་ལྔ་ས་ཡ་དགུ་དངོས་འབེབ་བྱས་ཤིང་། དམངས་ཚིས་ལས་གཞི་ཉིས་བརྒྱ་གྱ་གསུམ་ལག་བསྟར་བྱས་པ་དང་། གྲོང་གསེབ་དར་སྤེལ་གྱི་ཚོད་ལྟའི་དཔེ་སྟོན་སྡེ་བ་འཛུགས་སྐྲུན་བྱས་ལ། ཞིང་ཆེན་ཡོངས་སུ་ཞིང་སྡེ་སྤྱོད་ཁང་གི་ཁེབས་ཚད་བརྒྱ་ཆའི་རེ་ལྔ་ལྷག་རེད། འཚོ་བའི་གད་སྙིགས་བསྡུ་སྐྱེལ་ཐག་གཅོད་བྱེད་པའི་སྲིད་འཛིན་སྡེ་བ་བརྒྱ་ཆའི་གོ་དྲུག་ལྷག་ལ་སླེབས་ཡོད་པ་དང་། འཚོ་བའི་ཆུའི་འབག་བཙོག་བཅོས་སྐྱོང་གི་ཚད་བརྒྱ་ཆའི་བཅོ་བརྒྱད་ལྷག་ལ་སླེབས་ནས། དེ་དག་ལོ་སྔོན་མ་དང་བསྡུར་ན་བརྒྱ་ཆའི་གཅིག་དང་གྲངས་ཆུང་བདུན། བརྒྱ་ཆའི་གཅིག་དང་གྲངས་ཆུང་བཞི། བརྒྱ་ཆའི་གསུམ་དང་གྲངས་ཆུང་གཅིག་བཅས་ཀྱིས་ཇེ་མཐོར་ཕྱིན། 

ཚན་རྩལ་དང་བཅོས་སྒྱུར་གཉིས་མཉམ་དུ་ཇེ་དྲག་ལ་བཏང་ནས། འདེབས་འཛུགས་ལས་རིགས་དར་སྤེལ་གྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་། སོན་བཟང་གསོ་སྤེལ་རྟེན་གཞི་ས་མུའུ་འབུམ་གསུམ་བཙུགས་ནས་སོན་བཟང་རིགས་གྱ་དྲུག་སྐུལ་སྤེལ་བྱས་ལ། ཞིང་ལས་སོན་བཟང་ཁྱབ་ཚད་བརྒྱ་ཆའི་གོ་བརྒྱད་ལྷག་ལ་སླེབས་ཡོད། ཕིན་ཨན་ཆུའུ་དེ་ཞིང་ལས་ཞིང་སྡེ་པུའུ་ཡིས་རྒྱལ་ཡོངས་ལོག་དཀར་འདེབས་པའི་རྟེན་གཞི་རུ་བདམས། ནོར་ལུག་ཁྲི་གཅིག་དང་སྟོང་བདུན་ལྷག་གསོ་སྤེལ་བྱས་པ་དང་། ཞིང་ཆེན་ལུག་རྒྱུད་གསོ་སྤེལ་ཞབས་ཞུའི་ལྟེ་གནས་དེ་རྒྱལ་ཁབ་ཀྱི་བོད་ལུག་གསོ་སྤེལ་སྲུང་སྐྱོབ་བྱེད་པའི་ར་བར་གཏན་འཁེལ་བྱས། གྲོང་གསེབ་བཅོས་སྒྱུར་བྱས་ནས། སྟོང་སྐོར་དང་མདོ་ལ་རྫོང་གཉིས་ཀྱི་གཏན་སྡོད་ཁང་བའི་རྟེན་གཞི་བཅོས་སྒྱུར་གྱི་ཚོད་ལྟ་སྤེལ་ནས། གཞིས་ཁང་སྟོང་གཅིག་དང་རེ་བདུན་ཞིང་སྡེ་ཡུལ་སྐོར་དང་དམངས་སྲོལ་མགྲོན་ཁང་སོགས་སུ་བསྒྱུར་བའི་ལས་རྣམ་གསར་བ་བཏོད། དུས་མཉམ་དུ། ཞིང་ཆེན་ཡོངས་སུ་སྡོད་ཁང་ཞིབ་མཆན་འགོད་པའི་ལས་ཁུངས་སུམ་བརྒྱ་རེ་བརྒྱད་བཙུགས་པ་དང་། ཞིབ་མཆན་བྱ་བའི་གོ་རིམ་ཡོངས་རྫོགས་དྲ་ཐོག་ནས་སྤེལ་ཐུབ་པ་མངོན་འགྱུར་བྱུང་། ཐེངས་གཉིས་པའི་ས་ཞིང་འགན་ལེན་དུས་ཡུན་དེ་ལོ་སུམ་ཅུར་ཇེ་རིང་ལ་གཏོང་རྒྱུའི་ཚོད་ལྟའི་བྱ་བ་གོ་རིམ་ལྡན་པའི་ངང་སྤེལ་ལ། ས་མུའུ་སྟོང་བརྒྱད་ཀྱི་རྨོ་འདེབས་གན་རྒྱ་ཡོངས་སུ་ལེགས་འགྲུབ་བྱུང་ཡོད།  །

 
རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།