ཀྲུང་གོ་བོད་ཀྱི་དྲ་བ།

ཁྲེེན་ཀང་གིས་མཚོ་ལྷོ་ཁུལ་གུང་ཧོ་རྫོང་དུ་རྟོག་ཞིབ་གནང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2023-12-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས4ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཁྲེན་ཀང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་དུ་རྟོག་ཞིབ་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚན་རྩལ་གསར་སྐྲུན་སྐོར་གྱི་རྒྱས་བཤད་གལ་ཆེན་ལག་ལེན་དོན་འཁྱོལ་དང་། ཚན་རྩལ་གསར་གཏོད་ཀྱི་གཞོགས་འདེགས་དང་། ཁྱད་ལྡན་དགེ་མཚན་འདོན་སྤེལ། ཚན་རིག་ཞིབ་འཇུག་གི་ཡང་རྩེ་འཛེགས་ནས། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་། ལྗང་མདོག་ཐན་ཉུང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ཚན་རྩལ་སྟེགས་བུའི་གཞོགས་འདེགས་མཁོ་འདོན་བྱེད་དགོས་ཞེས་བསྟན། 

གུང་ཧོ་རྫོང་བར་དབོན་དུ་ཡོད་པའི་ཀྲུང་གོའི་རླུང་ཁམས་ཆེན་མོའི་རྩ་བའི་ཚད་འཛིན་གནམ་གཤིས་བརྟག་དཔྱད་སྟེགས་བུ་ནི། ཡོ་རོབ་གླིང་དང་ཨེ་ཤ་ཡ་སྐམ་ས་ཆེན་མོའི་གོ་ལ་ཧྲིལ་བོའི་རླུང་ཁམས་ཆེན་མོའི་རྩ་བའི་ཚད་འཛིན་གྱི་གནམ་གཤིས་བརྟག་དཔྱད་སྟེགས་བུ་གཅིག་པུ་དེ་ཡིན་ལ། འཛམ་གླིང་ཡོངས་དང་རང་རྒྱལ་གྱིས་ནམ་ཟླའི་འགྱུར་ལྡོག་ལ་ཁ་གཏད་འཇལ་བར་ཚན་རིག་གི་གཞི་འཛིན་ས་གལ་ཆེན་འདོན་སྤྲོད་བྱེད་ཀྱིན་ཡོད། ཁྲེན་ཀང་སོགས་བར་དབོན་གྱི་རི་རྩེར་ཐོན་རྗེས། བར་དབོན་བརྟག་དཔྱད་སྟེགས་བུའི་འཛུགས་སྐྲུན་རྒྱབ་ལྗོངས་དང་། ལྟ་ཞིབ་ཚད་ལེན་རྣམ་གྲངས། ཚན་རིག་གོ་གནས། ཚན་རིག་བྱས་རྗེས། དཔུང་ཁག་འཛུགས་སྐྲུན་བཅས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་ཤིང་། ལས་ཡུལ་དང་པོ་བརྟན་སྲུང་བྱེད་པའི་ཚན་རིག་ཞིབ་འཇུག་གི་ལག་རྩལ་མི་སྣར་འཚམས་འདྲི་བྱས། ཁྲེན་ཀང་གི་བསྟན་དོན། བར་དབོན་བརྟག་དཔྱད་སྟེགས་བུ་བཙུགས་ནས་ལོ་སུམ་ཅུ་ལྷག་རིང་གི་གཞི་གྲངས་ལས། ཀྲུང་གོས་ཐཱན་རྩེར་སོན་དང་ཐཱན་ཉུང་སྙོམ་སྦྱོར་ལ་སྐུལ་འདེད་བཏང་བའི་གནས་ཚུལ་ཟིན་ཐོར་བཀོད་ཡོད་ལ། ཀྲུང་གོ་གུང་ཁྲན་ཏང་མིས་དག་གཙང་ནུས་ཁུངས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་སྤུས་ཚད་མཐོན་པོའི་འཕེལ་རྒྱས་མངོན་འགྱུར་བྱེད་པའི་ཐབས་ལམ་ཟིན་ཐོར་བཀོད་པར་མ་ཟད། ཀྲུང་གོས་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་པར་སྐུལ་འདེད་གཏོང་བའི་རྒྱལ་ཁབ་ཆེན་མོའི་ཁག་ཁུར་ཀྱང་ཟིན་ཐོར་བཀོད་པ་དང་། མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྔར་ལས་ཚན་རིག་དང་མཐུན་ཞིང་གནད་དུ་འཁེལ་བའི་གཞི་རྩའི་གནས་ཚུལ་བཅས་ཟིན་ཐོར་བཀོད་ཡོད་པས། ལངས་གནས་སྔར་ལས་མཐོན་པོ་དང་འདུ་ཤེས་གཅིག་གྱུར་བྱས་ཏེ། བར་དབོན་བརྟག་དཔྱད་སྟེགས་བུའི་ཚན་རིག་ཞིབ་འཇུག་ཁྱབ་ཁོངས་ཀྱི་དོན་སྙིང་གལ་ཆེན་དང་། ཚན་རིག་ཞིབ་འཇུག་བྱ་བ་སྒྲུབ་མཁན་གྱིས་ཕྲག་ཏུ་ཁུར་བའི་འགན་འཁྲི་གལ་ཆེན་དང་བླ་མེད་ཀྱི་འོས་འགན་ངོས་འཛིན་གཏིང་ཟབ་བྱས་ནས། ཆུ་ཚད་མཐོ་བའི་ཚན་རྩལ་རང་སྟོབས་རང་སྤེལ་ལ་སྐུལ་འདེད་གཏོང་དགོས། ལྟ་ཞིབ་ཆུ་ཚད་དང་ཚན་རིག་ཞིབ་འཇུག་ནུས་པ་སྔར་ལས་མཐོ་རུ་བཏང་སྟེ། ཚན་རིག་ཞིབ་འཇུག་གི་འཇོན་མི་རྣམས་ཀྱིས་ཕྱི་འགྲིམ་སློབ་སྦྱོང་བྱེད་པ་དང་། རིགས་གཞུང་འདྲི་ཞིབ་དང་ཕྱི་ཕྱོགས་བརྗེ་རེས་བྱེད་པའི་ནུས་ཚད་བཅས་ཇེ་ཆེར་གཏོང་བ་དང་། འབད་པ་ཆེན་པོས་ཚན་རིག་སྣེ་ཁྲིད་པའི་ནུས་པ་འདོན་སྤེལ་བྱས་ནས། ཚད་གཞི་མཐོ་བའི་ཚན་རིག་ཞིབ་འཇུག་གི་གྲུབ་འབྲས་གང་མང་ཞིག་བསྐྲུན་དགོས། བློས་གཏོང་གི་སྙིང་སྟོབས་དར་སྤེལ་གང་ལེགས་བཏང་སྟེ། ངལ་བ་འཛེམ་མེད་དང་སྙིང་རུས་མཐའ་འཁྱོངས་བྱེད་དགོས་ལ།  གནམ་དཔྱད་ཀྱི་ཚན་རིག་ཞིབ་འཇུག་བྱ་བའི་ལས་ཡུལ་དང་པོར་བློ་སྟོབས་སྦྱོངས་བ་དང་། འཇོན་ནུས་བསྐྱེད་ནས། མི་ཚེའི་ཉམས་མྱོང་མང་པོ་བསགས་དགོས། རོགས་རམ་དང་རྒྱབ་སྐྱོར་གྱི་ནུས་ཚད་སྔར་ལས་ཇེ་ཆེར་བཏང་སྟེ། ཚན་རིག་ཞིབ་འཇུག་གི་ལས་གཞི་དང་། འཇོན་མི་གསོ་སྐྱོང་། མ་དངུལ་གྱི་རྒྱབ་སྐྱོར། ས་གནས་ཀྱི་ཞབས་ཞུ་འགན་སྲུང་སོགས་ཕྱོགས་ལ་གཞོལ་བར་བྱས་ཏེ། ལས་ལ་བརྩོན་ཞིང་ཞིབ་འཇུག་ལ་དགའ་བ། ལེགས་ཐོག་ལེགས་བརྩོན་བཅས་བྱེད་པ། ཞིབ་ཚགས་ཀྱི་ཁྲོད་ནས་ནུས་རྩལ་མངོན་པའི་ཚན་རིག་ཞིབ་འཇུག་གི་དཔུང་ཁག་ཅིག་བསྐྲུན་དགོས་ཟེར།

གུང་ཧོ་རྫོང་གི་མཁར་བྱང་ཁུལ་གསར་གྱི་དྲོད་འདོན་ས་ཚིགས་སུ། ཁྲེན་ཀང་གིས་འགྲེམ་པང་ལ་བལྟས་ཤིང་མཚམས་སྦྱོར་ལ་ཉན་པ་དང་། དྲོད་འདོན་སྒྲིག་ཆས་ལ་ཞིབ་བལྟ་བྱས་པར་མ་ཟད།  གུང་ཧོ་གཞོང་སའི་དག་གཙང་གི་ས་འོག་ཚ་ནུས་ཀྱི་དྲོད་འདོན་དང་། ཞིང་ཆེན་ཡོངས་ཀྱི་ས་འོག་ཚ་ནུས་ཐོན་ཁུངས་གསར་སྤེལ་བེད་སྤྱོད་སོགས་ཀྱི་གནས་ཚུལ་མཚམས་སྦྱོར་བྱས་པར་ཉན། ཁྲེན་ཀང་གིས་བསྟན་དོན། འཐབ་ཇུས་རང་བཞིན་གྱིས་ཐོན་ཁུངས་རྩད་བརྟག་བྱས་ཏེ། ཚ་ནུས་ལེན་པ་ལས་ཆུ་མི་ལེན་པ་མཐའ་གཅིག་ཏུ་སྒྲུབ་ཐུབ་དགོས། ས་འོག་ཚ་ནུས་ལག་རྩལ་ཁྱབ་གདལ་བེད་སྤྱོད་དང་དེ་དཔེ་སྟོན་དུ་འགྱུར་བར་ཤུགས་སྣོན་བྱེད་དགོས། ཐོན་ཁུངས་གནས་ཚུལ་དང་ཚོང་རའི་དགོས་མཁོར་གཅིག་འདོམས་བྱས་ཏེ། ཁེ་ལས་ཀྱི་ཧུར་བརྩོན་རང་བཞིན་སྐོང་སྡུད་གང་ལེགས་བྱས་ཏེ། ས་འོག་ཚ་ནུས་གསར་སྤེལ་བེད་སྤྱོད་བྱེད་པར་འཚམ་པའི་རྣམ་པ་གསར་བའི་དོ་དམ་ལག་རྩལ་དང་ཚོང་རའི་འཁོར་སྐྱོད་རྣམ་པ་འཚོལ་ཞིབ་བྱེད་དགོས་ལ། ས་འོག་ཚ་ནུས་དང་གློག་འདོན་སོགས་ཀྱི་གནད་འགག་ལག་རྩལ་ལ་ནན་ཏན་སྒོས་ཞིབ་འཇུག་བྱས་ནས། རྒྱུན་མཐུད་འཕེལ་རྒྱས་མངོན་འགྱུར་ཐུབ་པར་ཁག་ཐེག་བྱེད་དགོས།

གུང་ཧོ་གཞོང་སའི་ཚ་ནུས་བྲག་རྡོ་རྩད་ཞིབ་དང་ཚོད་ལྟ་སྔོག་འདོན་རྟེན་གཞི་རུ། ཁྲེན་ཀང་གིས་ཚ་ནུས་བྲག་རྡོ་རྩད་ཞིབ་དང་ཚོད་ལྟ་སྔོག་འདོན་བྱེད་པའི་བརྒྱུད་རིམ་འདྲི་རྟོག་བྱས་ཤིང་། ཡུལ་དངོས་སུ་ཚ་ནུས་བྲག་རྡོ་ཚོད་ལྟ་སྔོག་འདོན་གྱི་གཏེར་ཁྲོན་དང་། གློག་འདོན་ཚན་ཁག་གི་འཁོར་སྐྱོད་གནས་ཚུལ་ལ་ཞིབ་ཏུ་བལྟས། ཁྲེན་ཀང་གིས་བསྟན་དོན། ཚ་ནུས་བྲག་རྡོ་དང་། ས་འོག་ཚ་ནུས་སོགས་དག་གཙང་ནུས་ཁུངས་གསར་སྤེལ་བེད་སྤྱོད་དང་དེར་ཞིབ་འཇུག་གཏིང་ཟབ་བྱེད་དགོས་ན། ཚ་ནུས་བྲག་རྡོའི་ཐོན་ཁུངས་ཀྱི་གནས་ཚུལ་ཤེས་རྟོགས་བྱེད་དགོས་ལ། ཚ་ནུས་བྲག་རྡོ་གཞི་ཁྱོན་ཅན་གྱི་གསར་སྤེལ་བེད་སྤྱོད་བྱེད་པ་དང་། སྣ་མང་གསར་རེས་དང་ས་གཤིས་གསོག་ནུས་སོགས་ཀྱི་གནད་འགག་ལག་རྩལ་ཐག་གཅོད་བྱས་ཏེ། ཚ་ནུས་བྲག་རྡོའི་ཐོན་ལས་ཅན་གྱི་འཕེལ་རྒྱས་དང་ནུས་ཁུངས་གྲུབ་ཚུལ་ལེགས་སྒྱུར་བྱེད་པར་སྐུལ་འདེད་བཏང་ནས། རྣམ་པ་གསར་བའི་ནུས་ཁུངས་མ་ལག་མྱུར་དུ་འཛུགས་སྐྲུན་བྱེད་དགོས།

ཀྲུའུ་ཞང་ཧྥིན་དང་ལུའི་ཀང་གཉིས་རྟོག་ཞིབ་ལ་ཞུགས། །

 
རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།