ཀྲུང་གོ་བོད་ཀྱི་དྲ་བ།

《མཚོ་སྔོན་ཞིང་ཆེན་གྱི་ཁྱིམ་ཚང་གི་གཏུམ་སྤྱོད་ལ་ངོ་རྒོལ་བྱེད་པའི་སྲོལ་ཡིག》སང་ལོའི་ཟླ1པོའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོ།   སྤེལ་དུས། : 2023-12-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས29ཉིན《མཚོ་སྔོན་ཞིང་ཆེན་གྱི་ཁྱིམ་ཚང་གི་གཏུམ་སྤྱོད་ལ་ངོ་རྒོལ་བྱེད་པའི་སྲོལ་ཡིག》ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ལྔ་པའི་སྟེང་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། 2024ལོའི་ཟླ1པོའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།  

《སྲོལ་ཡིག》ལ་བསྡོམས་པས་དོན་ཚན་སོ་བདུན་ཡོད་པ་དང་། ནང་དོན་ཐད་ནས་ཁྱིམ་ཚང་གི་གཏུམ་སྤྱོད་ཀྱི་ཐ་སྙད་དང་། མཚོན་སྟངས། སྤྱོད་གོ་ཆོད་པའི་ཁྱབ་ཁོངས་བཅས་གསལ་པོ་བཟོས་ཡོད་པ་དང་། བུད་མེད་དང་བྱིས་པའི་ལས་དོན་ཨུ་ལྷན་དང་། མང་ཚོགས་རང་བཞིན་གྱི་ཚོགས་པའི་རྩ་འཛུགས། སྤྱི་བདེ་སོགས་སྡེ་ཁག་གི་བྱ་བའི་འགན་འཁྲི་གསལ་བོར་བསྟན་ཡོད།  

《སྲོལ་ཡིག》ནང་ཁྱིམ་ཚང་གི་གཏུམ་སྤྱོད་དངོས་སུ་མཐོང་བའི་ལོ་ན་མ་སོན་པའི་བྱིས་པ་ནི་ཁྱིམ་ཚང་གི་གཏུམ་སྤྱོད་གནོད་འཚེ་ཕོག་མཁན་ཐོག་མ་ཡིན་ལ།  དུས་མཚུངས་སུ་ཁྱིམ་ཚང་གི་གཏུམ་སྤྱོད་ཐག་གཅོད་ཐད་ཐོག་མའི་འབྲེལ་མཐུད་འགན་འཁྲིའི་ལམ་ལུགས་ལག་བསྟར་བྱ་རྒྱུ་གསལ་བོར་བཏོན་ཡོད།  ཐོག་མར་ཁྱིམ་ཚང་གི་དྲག་ཤུགས་ཞུ་གཏུག་དང་། ཡར་ཞུ་བྱེད་པའམ་ཡང་ན་རོགས་སྐྱོར་རེ་ཞུ་འབྱོར་བའི་སྡེ་ཁག་དང་ལས་ཁུངས་ཀྱིས་བྱ་བའི་འགན་འཁྲི་ལྟར་དང་ལེན་དང་རྗེས་འདེད། གཞན་ལ་ངོ་སྤྲོད་བྱེད་པའི་བྱ་བ་ལེགས་པོར་བསྒྲུབ་དགོས་པ་ལས་རང་འགན་གཞན་བསྒྱུར་བྱེད་མི་ཆོག་ལ།  བརྒྱུད་སྤྲོད་དང་ལེན་བྱེད་མཁན་གྱི་སྡེ་ཁག་དང་ལས་ཁུངས་ཀྱིས་ཐག་གཅོད་འོས་འཚམ་བྱ་དགོས་པ་མ་ཟད། འགན་འཁྲི་འཁུར་མཁན་སྡེ་ཁག་དང་ལས་ཁུངས་ལ་ཐག་གཅོད་བྱས་པའི་གནས་ཚུལ་ཕྱིར་ལྡོག་བྱ་དགོས།  སྡེ་ཁག་དང་ལས་ཁུངས་མང་པོ་ཞིག་གི་འགན་འཁྲི་དང་འབྲེལ་བ་ཡོད་པའི་ཁྱིམ་ཚང་གི་གཏུམ་སྤྱོད་གྱོད་གཞི་ཚབས་ཆེན་ནམ། ཡང་ན་སྤྱི་ཚོགས་ཐོག་ཤུགས་རྐྱེན་ངན་པ་བཟོ་བའི་ཁྱིམ་ཚང་གི་གཏུམ་སྤྱོད་གྱོད་གཞི་ཐོན་ཚེ། དང་ཐོག་འགན་འཁྲི་སྡེ་ཁག་དང་ལས་ཁུངས་སོ་སོས་འབྲེལ་ཡོད་སྡེ་ཁག་དང་ལས་ཁུངས་གཞན་དག་བཅས་ལ་མཉམ་འབྲེལ་བྱས་ནས་མཉམ་གཅིག་ཏུ་ཐག་གཅོད་བྱ་དགོས།  

《སྲོལ་ཡིག》ནང་གཏན་འབེབས་བྱས་དོན། ཁྱིམ་ཚང་གི་གཏུམ་སྤྱོད་གནས་ཚུལ་གྱི་ཚབས་ཅུང་ཆུང་བ་དང། ཁྲིམས་ལྟར་བདེ་འཇགས་དོ་དམ་གྱི་ཆད་པ་མ་བཅད་ཚེ། སྤྱི་བདེ་ལས་ཁུངས་ཀྱིས་གནོད་འཚེ་གཏོང་མཁན་ལ་སྐྱོན་བརྗོད་སློབ་གསོ་གཏོང་བའམ་ཡང་ན་བསླབ་བྱ་ཡི་གེ་འདོན་དགོས།  སྡེ་བའི(སྡེ་བའི་ཨུ་ལྷན)ཨུ་ཡོན་ལྷན་ཁང་དང་། སྤྱི་བདེ་མངགས་གཏོང་ཁང་། གཞི་རིམ་བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་བཅས་ཀྱིས་སྤྱི་བདེ་ལས་ཁུངས་ཀྱི་བསླབ་བྱ་ཡི་གེ་འབྱོར་བའི་གནོད་འཚེ་གཏོང་མཁན་དང་གནོད་འཚེ་ཕོག་མཁན་ལ་འཚམས་འདྲི་བྱེད་དུ་འགྲོ་བ་དང་། གནོད་འཚེ་གཏོང་མཁན་ལ་ཁྱིམ་ཚང་གི་གཏུམ་སྤྱོད་མི་སྤེལ་བར་ལྟ་སྐུལ་བྱེད་དགོས་པ་མ་ཟད། འཚམས་འདྲི་ཐོ་འགོད་ལེགས་པོ་བྱེད་དགོས།  སྡེ་བའི(སྡེ་བའི་ཨུ་ལྷན)ཨུ་ཡོན་ལྷན་ཁང་དང་། བུད་མེད་མཉམ་འབྲེལ་ལྷན་ཚོགས། སློབ་གྲྭ་སོགས་ཀྱིས་ལག་བསྟར་བྱེད་རོགས་བྱེད་སྐབས་རེ་འདུན་ཞུ་ཡུལ་གྱིས་མི་ལུས་བདེ་འཇགས་སྲུང་སྐྱོང་གི་བཀའ་རྒྱ་དང་འགལ་བ་ཡོད་པར་ཤེས་ཚེ། མི་དམངས་ཁྲིམས་ཁང་ལ་སྙན་ཞུ་ཕུལ་དགོས་པའམ་ཡང་ན་སྤྱི་བདེ་ལས་ཁུངས་ལ་གྱོད་དོན་ཡར་ཞུ་བྱ་དགོས།  རེ་ཞུ་བྱེད་ཡུལ་གྱིས་མི་ལུས་བདེ་འཇགས་སྲུང་སྐྱོང་བཀའ་རྒྱ་ལས་འགལ་ནས་མི་དམངས་ཁྲིམས་ཁང་གིས་ཡིད་རྟོན་མེད་པའི་ལག་བསྟར་བྱ་ཡུལ་གྱི་མིང་ཐོའི་ནང་བཞག་ཚེ། འབྲེལ་ཡོད་སྡེ་ཁག་གམ་ལས་ཁུངས་ཀྱིས་ཁྲིམས་ལྟར་ཡིད་རྟོན་མེད་པའི་ཆ་འཕྲིན་ཡིད་རྟོན་ཆ་འཕྲིན་མཉམ་སྤྱོད་སྟེགས་བུ་ནང་བཞག་ནས་ཡིད་རྟོན་མེད་པའི་ཆད་པ་གཅོད་དགོས།

《སྲོལ་ཡིག》ནང་གཞུང་བྱེད་པས་ཁྱིམ་ཚང་དུ་གཏུམ་སྤྱོད་སྤེལ་ཚེ་ཁྲིམས་ལྟར་དེ་མཚུངས་ཀྱི་བཅའ་ཁྲིམས་ཀྱི་འགན་འཁྲི་འཁུར་བ་ལས་གཞན། ལྟ་ཞིབ་ལས་ཁུངས་དང་། གཞུང་གི་ལས་གནས་བསྐོ་འཐེན་ལས་ཁུངས། སྡེ་ཁག་བཅས་ཀྱིས་ཆད་པ་གཅོད་དགོས་པའི་གཏན་འབེབས་བྱས་ཡོད།  

《སྲོལ་ཡིག》དེ2024ལོའི་ཟླ1པོའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན་པ་དང་།  2005ལོའི་ཟླ11པའི་ཚེས26ཉིན་མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་དགུ་པའི་སྟེང་གྲོས་འཆམ་བྱུང་བའི《མཚོ་སྔོན་ཞིང་ཆེན་གྱི་ཁྱིམ་ཚང་གི་གཏུམ་སྤྱོད་སྔོན་འགོག་དང་བཀག་འགོག་བྱེད་པའི་སྲོལ་ཡིག》དུས་གཅིག་ཏུ་མེད་པར་བཟོ་རྒྱུ་རེད།   །  

 
རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།