ཀྲུང་གོ་བོད་ཀྱི་དྲ་བ།

《མཚོ་ལྷོ་ཁུལ་གྱི་འབེབས་འགྱེད་མི་རུང་བའི་འགྱིག་རྫས་དོ་དམ་སྲོལ་ཡིག》སང་ལོའི་ཟླ1པོའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོ།   སྤེལ་དུས། : 2023-12-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས30ཉིན་གསར་འགོད་པས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་བསྡུས་པའི《མཚོ་ལྷོ་ཁུལ་གྱི་འབེབས་འགྱེད་མི་རུང་བའི་འགྱིག་རྫས་དོ་དམ་སྲོལ་ཡིག》གི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་སྟེང་ཤེས་གསལ་ལྟར་ན། སྲོལ་ཡིག་འདི་ད་ལོའི་ཟླ9པར་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞིབ་བཤེར་ཆོག་མཆན་ཐོབ་པ་མཟད། སང་ལོའི་ཟླ1པོའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན་པ་རེད།  

རྒྱུས་ལོན་པ་ལྟར་ན།  སྲོལ་ཡིག་འདིར་བསྡོམས་པས་དོན་ཚན32ཡོད་པ་དང་།  ཁྲིམས་འཛུགས་ཀྱི་དམིགས་ཡུལ་དང་།  བེད་སྤྱོད་ཁྱབ་ཁོངས།  གཞི་རྩའི་རྩ་དོན།  ལས་ཀའི་འགན་འཁྲི།  དོ་དམ་བྱ་ཐབས།  བཅའ་ཁྲིམས་ཀྱི་འགན་འཁྲི་སོགས་ཀྱི་ཐད་གཏན་འབེབས་ཞིབ་ཕྲ་བྱས་ཡོད།   

《སྲོལ་ཡིག》འདི་ལག་ལེན་བྱ་རྒྱུ་ནི་མཚོ་ལྷོ་ཁུལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལོ་རྒྱུས་སྟེང་གི་དོན་ཆེན་ཞིག་དང་།  མཚོ་ལྷོ་ཁུལ་གྱིས་སྐྱེ་ཁམས་དཔལ་ཡོན་བསམ་བློ་དང་།  རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཚོགས་ཆེན།  ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་བཅས་ཀྱི་དགོངས་དོན་སློབ་སྦྱོང་ནན་ཏན་བྱས་ཏེ། སྔར་ལས་ལྷག་པར་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དང་ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་པ་རེད།   

ཉེ་བའི་ལོ་འགའི་རིང་།  མཚོ་ལྷོ་ཁུལ་གྱིས་ཧུར་ཐག་སྒོས་ཏང་ཀྲུང་དབྱང་གི་མཛེས་སྡུག་ལྡན་པའི་ཀྲུང་གོ་བསྐྲུན་རྒྱུ་དེ་རྒྱལ་ཁབ་སྟོབས་ཆེར་གཏོང་བ་དང་མི་རིགས་བསྐྱར་དར་གྱི་མངོན་གསལ་ལྡན་པའི་གནས་བབ་སྟེང་བཞག་པའི་རང་འགུལ་གྱི་བྱ་འགུལ་སྤེལ་བ་དང་། སྤུས་ཚད་མཐོ་བའི་སྐྱེ་ཁམས་ཁོར་ཡུག་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་འདེགས་བྱས་ཏེ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་གྱི་མཚོ་ལྷོ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་།   《སྲོལ་ཡིག》བཏོན་པ་འགྲེམ་སྤེལ་བྱས་པར“གཏུབ་ཁ་ཆུང་ངུའི”ཁྲིམས་འཛུགས་བྱས་པ་བརྒྱུད། ཁུལ་ཡོངས་ཀྱི་འགྱིག་རྫས་ཀྱི་སྦགས་བཙོག་སེལ་མི་ཐུབ་པའི་གནད་དོན་བཅོས་སྒྲིག་བྱ་རྒྱུ་ཡིན་པ་དང་། མཚོ་་ལྷོའི་ཁྱད་ཆོས་ལྡན་པའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་མ་ལག་མགྱོགས་མྱུར་ངང་འཛུགས་པར་མཐུན་རྐྱེན་བསྐྲུན་པ་དང་།  ཕན་འབྲས་ཡོད་པའི་སྒོ་ནས་དག་གཙང་གི་མཚོ་ལྷོ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་།  ས་ཁོངས་ཡོངས་སུ་གད་སྙིགས་མེད་པའི་དམིགས་ཚད་མགྱོགས་མྱུར་ངང་མངོན་འགྱུར་བྱུང་བ།  མཛེས་སྡུག་ལྡན་པའི་འཚོ་བ་གསར་སྐྲུན་བྱེད་པ་བཅས་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་ལྡན།   །     

 
རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།