ཀྲུང་གོ་བོད་ཀྱི་དྲ་བ།

2023ལོའི་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཟས་རིགས་བདེ་འཇགས་དྲིལ་སྒྲོག་གཟའ་འཁོར་མགོ་ཚུགས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : སངས་རྒྱས་སྐྱབས་ཀྱིས་བསྒྱུར།   སྤེལ་དུས། : 2023-12-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11ཚེས30ཉིན། 2023ལོའི་མཚོ་སྔོན་ཞིང་ཆེན་ཟས་རིགས་བདེ་འཇགས་དྲིལ་སྒྲོག་གཟའ་འཁོར་གྱི་བརྗོད་དོན་དྲིལ་སྒྲོག་ཉིན་མོའི་བྱེད་སྒོ་མཚོ་ཤར་གྲོང་ཁྱེར་དུ་སྤེལ་བ་རེད། ཞིང་ཆེན་ཟས་རིགས་དང་སྨན་རྫས་བདེ་འཇགས་ཨུ་ལྷན་གྱི་ཁོངས་མིའི་སྡེ་ཚན་ཁག་དང་ཞིང་ཆེན་ཟས་རིགས་དང་སྨན་རྫས་བདེ་འཇགས་གཞུང་སྒྲུབ་ཁང་གི་འགན་འཁུར་བློ་མཐུན་དང་། མཚོ་ཤར་གྲོང་ཁྱེར་ཟས་རིགས་དང་སྨན་རྫས་བདེ་འཇགས་ཨུ་ལྷན་གྱི་ཁོངས་མིའི་སྡེ་ཚན་ཁག །མཚོ་ཤར་གྲོང་ཁྱེར་ཟས་རིགས་དང་སྨན་རྫས་བདེ་འཇགས་གཞུང་སྒྲུབ་ཁང་གི་འགན་འཁུར་བློ་མཐུན། ཟས་རིགས་ཐོན་སྐྱེད་གཉེར་སྐྱོང་ཁེ་ལས་ཀྱི་འཐུས་མི་སོགས་བྱེད་སྒོ་སྤེལ་ཡུལ་གཙོ་བོའི་ནང་ཞུགས་ཡོད་པ་རེད། 

2023ལོར་ཞིང་ཆེན་ཡོངས་ཀྱི་ཟས་རིགས་ཀྱི་བདེ་འཇགས་དྲིལ་སྒྲོག་གཟའ་འཁོར་གྱི་བརྗོད་དོན་ནི“གྲོན་ཆུང་ལ་མཐོང་ཆེན་དང་ཡིད་རྟོན་ཕེར་བ། འགན་འཁྲི་འཁུར་བ། ཐུན་མོང་ཐོག་ཟས་རིགས་ཀྱི་བདེ་འཇགས་སྲུང”ཞེས་པ་དེ་ཡིན་ཞིང་། དེའི་དམིགས་ཡུལ་ནི་གཅིག་སྡུད་དྲིལ་སྒྲོག་བྱེད་སྒོ་སྤེལ་བ་བརྒྱུད་སྤྱི་ཚོགས་ལས་རིགས་ཁག་གིས་ཟས་རིགས་ཀྱི་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་དང་ཟས་རིགས་ཀྱི་བདེ་འཇགས་ལས་དོན་ལ་ཤུགས་སྣོན་རྒྱག་པར་ཁྲིད་སྟོན་བྱས་ནས་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཟ་འཐུང་གི་བདེ་འཇགས་ལ་འགན་ལེན་བྱ་རྒྱུ་དེ་རེད། 

ཡུལ་དངོས་ཀྱི་སྤེལ་རེས་མགོ་ཚུགས་མཛད་སྒོའི་ཐོག་ཟས་རིགས་ཀྱི་བདེ་འཇགས་ལས་དོན་གྱི་གཟུགས་བརྙན་འགྲེམས་སྟོན་དང་དྲིལ་སྒྲོག་པར་གཞི་ཁྱབ་བསྒྲགས་བྱས་ནས། ཉེ་བའི་ལོ་ཤས་རིང་མཚོ་སྔོན་གྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས་ཟས་རིགས་ཀྱི་བདེ་འཇགས་ལས་དོན་ལ་ཐོབ་པའི་གྲུབ་འབྲས་འགྲེམས་སྟོན་བྱས་ཡོད། ཞིང་ཆེན་ཡོངས་ཀྱི་ཟས་རིགས་ཀྱི་བདེ་འཇགས་འོས་འགན་ལྟ་སྐུལ་པ་དང་ཁེ་ལས་ཟས་རིགས་ཀྱི་བདེ་འཇགས་སྤྱི་ཁྱབ་ལྟ་སྐུལ་པས་གདན་ཞུའི་མཛད་སྒོ་འཚོགས་ནས་ཡུལ་དངོས་སུ་གདན་ཞུའི་ལག་ཁྱེར་སྤྲད། བཟའ་བཏུང་ཆུད་ཟོས་ལ་བཀག་འགོག་བྱེད་པའི་ཁས་ལེན་བྱེད་སྒོ་སྤེལ་བ་དང་། ཡུལ་དངོས་ཁེ་ལས་ཀྱི་འཐུས་མིས་ཐུན་མོང་ཐོག་མིང་རྟགས་བཀོད་པ་དང་འབྲེལ་དམ་བཅའ་བཞག །སྤྱི་ཚོགས་ཡོངས་ཀྱིས་བཟའ་བཏུང་ཆུད་ཟོས་ལ་ངོ་རྒོལ་བྱ་རྒྱུ་དར་སྤེལ་བཏང་ནས“ཆུད་ཟོས་ལ་ངོ་རྒོལ་དང་། གྲོན་ཆུང་ལ་ཧུར་བརྩོན”བྱེད་པའི་སྤྱི་ཚོགས་ཀྱི་དར་སྲོལ་གསར་པ་ཐུན་མོང་ཐོག་གཏོད་པ། ཟས་རིགས་བདེ་འཇགས་ཀྱི“འགན་འཁྲི་གཉིས”འགན་ལེན་བྱེད་པའི་ལས་བྱེད་པ་དང་ཁེ་ལས་ཀྱི་འཐུས་མིས་སྔ་རྗེས་སུ་ཟས་རིགས་ཀྱི་བདེ་འཇགས་ཁོངས་གཏོགས་ཀྱི་དོ་དམ་འགན་འཁྲི་དང་ཁེ་ལས་ཀྱི་ཟས་རིགས་བདེ་འཇགས་ཀྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱ་རྒྱུའི་ཐད་ཡོངས་བསྒྲགས་ངང་ཁས་ལེན་བྱས། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དང་། མགོ་ལོག་བོད་རིགས་རང་སྐྱོང་ཁུལ། མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་སོགས་ས་གནས་ཁག་གི་ཡན་ལག་ཚོགས་རའི་ཐོག“བསལ་འདེམས་ཞིབ་བཤེར་བྱེད་པ”དང“ཟས་རིགས་ཀྱི་བདེ་འཇགས་འབྲོག་ཁུལ་དུ་སྤེལ་བ”སོགས་ཀྱི་བྱེད་སྒོ་སྤེལ་བ་མ་ཟད། ཚོགས་ར་གཙོ་བོ་དང་འབྲེལ་མཐུད་ཀྱང་བྱས་པ་རེད། ཚོགས་ར་གཙོ་བོར་ད་དུང་ཁེ་ལས་འགྲེམས་སྟེགས་དང་ཚན་རིག་ཁྱབ་གདལ་འགྲེམས་སྟེགས་སོགས་བཀོད་སྒྲིག་བྱས་ནས་དྲིལ་སྒྲོག་བློ་འདྲི་དང་ཡུལ་དངོས་སུ་འབྲེལ་འདྲེས་བྱས་པ་རེད། 

དྲིལ་སྒྲོག་གཟའ་འཁོར་རིང་ཞིང་ཆེན་ཡོངས་ཀྱི་ཞིང་ཆེན་རིམ་པའི་འབྲེལ་ཡོད་སྡེ་ཚན26གིས་མཚོ་སྔོན་ཞིང་ཆེན་གྱི་དོན་དངོས་དང་ཁྱད་ཆོས་དང་ཟུང་འབྲེལ་བྱས་ནས“ནགས་ཚལ་དང་རྩྭ་ཐང་གི་ཚན་རྩལ་བྱེད་སྒོའི་གཟའ་འཁོར”དང་།“ཟས་རིགས་ཀྱི་བདེ་འཇགས་དང་འཚོ་བཅུད་བདེ་ཐང་གི་ཚན་རིག་ཁྱབ་གདལ་དྲིལ་སྒྲོག་སློབ་གསོའི་བརྗོད་དོན་ཉིན་མོ”“ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ཀྱི་ཚན་རིག་ཁྱབ་གདལ་ཉིན་མོ”“ཟས་རིགས་ཀྱི་བདེ་འཇགས་སློབ་གྲྭར་སྤེལ་བ”སོགས་བརྗོད་བྱ་ཕུན་སུམ་ཚོགས་པའི་དྲིལ་སྒྲོག་བྱེད་སྒོ་སྤེལ་རྒྱུ་རེད། ཐེངས་འདིའི་བྱེད་སྒོ་གཉེར་བ་དེས་ཟས་རིགས་བདེ་འཇགས་ཀྱི་ཁྲིམས་ལུགས་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་བ་དང་།ཟས་རིགས་ཀྱི་བདེ་འཇགས་ཤེས་བྱ་ཁྱབ་གདལ་གཏོང་བ།སྤྱི་དམངས་ཀྱི་ཟས་རིགས་ཀྱི་བདེ་འཇགས་འདུ་ཤེས་དང་བདེ་ཐང་བཟའ་བཏུང་གི་བྱང་ཚད་མཐོ་རུ་གཏོང་བ།ཟས་རིགས་ཀྱི་ལས་རིགས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་ཁྲིད་སྟོན་བཅས་བྱས་ནས་ཞིང་ཆེན་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་མང་ཚོགས་ཀྱི་ཟས་རིགས་ཀྱི་བདེ་འཇགས་ཐོབ་སྣང་དང་སྐྱིད་སྣང་།བདེ་སྣང་བཅས་ཆེ་རུ་འགྲོ་བ་རེད།  །

 
རྩོམ་སྒྲིག་པ། : སངས་རྒྱས་སྐྱབས།