ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་ཚན་རིག་ལག་རྩལ་གཟེངས་བསྟོད་ཚོགས་ཆེན་འཚོགས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2023-12-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས30ཉིན། མཚོ་སྔོན་ཞིང་ཆེན་ཚན་རིག་ལག་རྩལ་གཟེངས་བསྟོད་ཚོགས་ཆེན་ཟི་ལིང་དུ་འཚོགས། ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཚན་རིག་ལག་རྩལ་གསར་གཏོད་སྐོར་གྱི་རྣམ་བཤད་གལ་ཆེན་དང་མཚོ་སྔོན་ལ་གཟིགས་ཞིབ་མཛད་པའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དངོས་འབེབས་ནན་ཏན་བྱས། བྱ་དགའི་དམིགས་ཡུལ་ནི་ཞིང་ཆེན་ཡོངས་ཀྱི་ཚན་རྩལ་བྱ་གཞག་འཕེལ་རྒྱས་དང་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ལ་བྱས་རྗེས་འབུར་ཐོན་བཞག་པའི་ཚན་རྩལ་མི་སྣ་དང་ཚན་ཞིབ་ཚོགས་པར་གཟེངས་བསྟོད་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མ་སྐུལ་སློང་སྐུལ་མ་བྱས་ནས་གསར་གཏོད་སྒུལ་བྱེད་ཀྱི་འཕེལ་རྒྱས་འཐབ་ཇུས་ལག་བསྟར་ཟབ་མོ་བྱེད་པ། ཚན་རྩལ་གསར་གཏོད་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་དང་དགེ་མཚན་གསར་པ་བསྐྲུན་ཏེ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ལ་ཚན་རྩལ་གྱི་འདེགས་སྐྱོར་སྟོབས་ལྡན་འདོན་སྤྲོད་བྱ་རྒྱུ་དེ་རེད།

ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཁྲེན་ཀང་ཚོགས་འདུར་ཕེབས་པར་མ་ཟད། 2022ལོའི་མཚོ་སྔོན་ཞིང་ཆེན་ཚན་རིག་ལག་རྩལ་བྱས་རྗེས་གལ་ཆེན་བྱ་དགའ་ཐོབ་མཁན་ཝེ་ལི་ཞིན་ལ་བྱ་དགའ་བསྩལ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་གསུང་བཤད་གནང་། ཚོགས་འདུར་ཞུགས་པའི་བློ་མཐུན་གྱིས་རང་བྱུང་ཚན་རིག་དང་གསར་གཏོད་གསར་རྟོགས། ཚན་རྩལ་ཡར་ཐོན་བཅས་ཀྱི་བྱ་དགའ་ཨང་དང་པོ་དང་གཉིས་པ། གསུམ་པ་བཅས་ཀྱི་འཐུས་མིར་བྱ་དགའ་གནང་།

ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས། བྱ་དགའ་ཐོབ་པའི་མི་སྣ་དང་ལས་ཁུངས་ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་དང་། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ཚན་རྩལ་ལས་དོན་པར་ལྷག་བསམ་རྣམ་དག་གིས་འཚམ་འདྲི་གནང་བ། མཚོ་སྔོན་གྱི་ཚན་རྩལ་བྱ་གཞག་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བའི་ལས་རིགས་སོ་སོའི་མི་སྣར་བསམ་པ་རྣམ་དག་གིས་ཐུགས་རྗེ་ཆེ་ཞུས། ཁོང་གིས་འདས་པའི་ལོ་གཅིག་ནི་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་པ་དང་། གསར་གཏོད་སྒུལ་བྱེད་ཀྱི་འཕེལ་རྒྱས་འཐབ་ཇུས་དང་ཚན་རྩལ་སྟོབས་ལྡན་ཞིང་ཆེན་འཐབ་ཇུས། འཇོན་མི་སྟོབས་ལྡན་ཞིང་ཆེན་འཐབ་ཇུས་བཅས་ཤུགས་ཆེན་པོས་ལག་ཏུ་བསྟར་བ། གསར་གཏོད་རྣམ་པའི་ཞིང་ཆེན་འཛུགས་སྐྱོང་ལ་མྱུར་ཏུ་སྐུལ་འདེད་བཏང་བ། ཞིང་ཆེན་ཡོངས་ཀྱི་ཚན་རྩལ་ལམ་ལུགས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ། ཚན་རྩལ་གསར་གཏོད་སྟེགས་བུ་འཛུགས་སྐྲུན་ལ་ཕན་འབྲས་ཀྱིས་ཕྱུག་པ། ཚན་རྩལ་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་སྩལ་བར་སྔར་ལས་སྟོབས་དང་ལྡན་པ། ཚན་རྩལ་གསར་གཏོད་བྱེད་པོ་མུ་མཐུད་དུ་སྟོབས་ལྡན་དུ་གྱུར་པ། ཚན་རྩལ་གསར་གཏོད་ཀྱིས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་འདེགས་སྐྱོར་དང་སྣེ་ཁྲིད་ནུས་པ་ཉིན་བཞིན་ཇེ་དྲག་ཏུ་གྱུར་ཡོད། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ཚན་རྩལ་ལས་དོན་པས་ཆེ་ཕྱོགས་ལ་དམིགས་པ་དང་སེམས་པ་མི་དམངས་དང་འབྲེལ་བ། སེམས་རྣལ་མོས་འཚོལ་ཞིབ་དང་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་པ་བཅས་ཀྱི་ཐད་ནས་བྱས་རྗེས་གལ་ཆེན་བཞག་ཅེས་གསུངས།

ཝུའུ་ཞའོ་ཅུན་གྱིས། “ཆེ་ཤོས་གསུམ”གྱི་ཞིང་ཆེན་གྱི་གནད་ཚུལ་ངེས་གནས་དང“སྔར་ལས་གལ་ཆེ་བ་གསུམ”གྱི་འཐབ་ཇུས་གོ་གནས་ལ་རྐང་འཛུགས་པ་དང་། རྒྱལ་ཁབ་ཀྱི་དགོས་མཁོ་དང་མཚོ་སྔོན་གྱི་ཅི་ནུས། མང་ཚོགས་ཀྱི་ཅི་འདོད། མ་འོངས་པར་གང་མཁོ་བཅས་ལ་ཁ་གཏོད་པ། གནད་འགག་སྲོག་ཤིང་གི་ལག་རྩལ་འགག་སྒྲོལ་ལ་སྔར་ལས་ཤུགས་ཆེན་པོས་སྐུལ་འདེད་གཏོང་བ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་སྐྲུན་པ་དང་ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་བྱེད་པ། དམངས་འཚོ་ལེགས་བཅོས་བཅས་འགག་སྒྲོལ་གྱི་ཁ་ཕྱོགས་གཙོ་བོར་འཛིན་པ། ཁྱད་ལྡན་ཁྱབ་ཁོངས་ཀྱི་རྨང་གཞི་ཞིབ་འཇུག་ལ་ཤུགས་སྣོན་པ། གནད་འགག་ལག་རྩལ་འགག་སྒྲོལ་ལ་ཤུགས་སྣོན་པ། ཁེ་ལས་ཀྱི་གསར་གཏོད་བྱེད་པོའི་གོ་གནས་ཇེ་མཐོར་གཏོང་བ། ཚན་རྩལ་གྲུབ་འབྲས་གཞན་སྒྱུར་ཆེར་བསྐྱེད་ནས། ཐོན་སྐྱེད་དང་སློབ་སྦྱོང་། ཞིབ་འཇུག བེད་སྤྱོད་བཅས་ཟུང་འབྲེལ་དང་གོང་འོག་བར་གསུམ་འབྲེལ་མཐུད། ཁེ་ལས་ཆེ་འབྲིང་ཆུང་ཕྲ་མཐུན་སྦྱོར་ཡིན་པ་བཅས་ཀྱི་གསར་གཏོད་མ་ལག་མྱུར་ཏུ་བསྐྲུན་དགོས། གསར་གཏོད་འཇོན་མིའི་དཔུང་ཁག་འཛུགས་སྐྱོང་ལ་སྔར་ལས་ཆུ་ཚད་མཐོན་པོས་སྐུལ་འདེད་གཏོང་བ་དང་། འཇོན་མི་སྟོབས་ལྡན་ཞིང་ཆེན་གྱི་འཐབ་ཇུས་ལག་བསྟར་ཟབ་མོ་བྱེད་པ། རང་སའི་འཇོན་མི་ཤུགས་ཆེན་པོས་གསོ་སྐྱོང་བྱེད་པ། འཇོན་མི་ནང་འདྲེན་ལམ་སྲོལ་ལེགས་སྒྱུར་བྱེད་པ། གསར་གཏོད་སྐྱེ་ཁམས་ཕྱོགས་ཡོངས་ནས་ལེགས་སྒྱུར་བྱས་ནས། འཇོན་མི་གསོག་འཇོག་གསོ་སྐྱོང་དང་ནང་འདྲེན་ཕྱོགས་འདུས། བེད་སྤྱོད་ཉར་འདུག་བཅས་སེམས་ཞིབ་མོ་དང་བརྩེ་བ་ཟབ་མོ། སྟོབས་ཤུགས་ཆེན་པོས་བསྒྲུབ་དགོས། ཚན་རྩལ་ལམ་ལུགས་བཅོས་སྒྱུར་ལ་སྔར་ལས་གཏིང་ཟབ་མོས་སྐུལ་འདེད་་གཏོང་བ་དང་། མཐོ་སྒང་གི་ཐོན་ཁུངས་ནུས་ཁུངས་ཀྱི་དགེ་མཚན་ལ་དམིགས་པ། ཚན་རྩལ་ཐོན་ཁུངས་བཀོད་སྒྲིག་ལེགས་སྒྱུར་བྱེད་པ། ཚན་རྩལ་ཁྱབ་ཁོངས་བཅོས་སྒྱུར་ལ་སྐུལ་འདེད་བཏང་སྟེ། ཚན་རྩལ་གསར་གཏོད་ཀྱི་སྤྱི་ཁོག་ཕན་ནུས་མཐོར་འདེགས་དགོས། ཕྱི་ཕྱོགས་མཉམ་ལས་བརྗེ་རེས་ལ་སྔར་ལས་མཐོང་རྒྱ་ཡངས་པོས་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་ཀྱི་ཚན་རྩལ་གསར་གཏོད་ཀྱི་འཐབ་ཇུས་གལ་ཆེན་ལ་རང་འགུལ་གྱིས་འདྲེས་བར་བྱེད་པ། ཕྱོགས་རྣམ་ཀུན་དང་རིམ་པ་མང་པོས་ཚན་རྩལ་གསར་གཏོད་སྒོ་འབྱེད་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། ཚན་རྩལ་གསར་གཏོད་ཀྱི་སྣ་མང་མཉམ་འགུལ་དང་ཕྱོགས་མང་འདེགས་སྐྱོར་མངོན་འགྱུར་བྱེད་དགོས་ཞེས་ནན་གྱིས་བསྟན།

ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཧྲིན་ཀྲང་གཞོན་པ་ཝང་ལིན་ཧུའུ་ཡིས《མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི2022ལོའི་མཚོ་སྔོན་ཞིང་ཆེན་ཚན་རིག་ལག་རྩལ་བྱ་དགའི་ཐག་གཅོད》སྒྲོག་འདོན་བྱས་པ་དང་། ཞིང་ཆེན་མགོ་ཁྲིད་ཀྲུའུ་ཞང་ཧྥེང་དང་ལིའུ་ཐུང་ཏེ། ཝང་ཞོན་བཅས་ཚོགས་འདུར་ཞུགས། ཧྲིན་ཀྲང་གཞོན་པ་ལིའུ་ཁྲའོ་ཡིས་མགོ་འཛིན་བྱས།

བྱ་དགའ་ཐོབ་པའི་འཐུས་མིས་ཚོགས་ཐོག་ནས་གཏམ་བཤད། །

 
རྩོམ་སྒྲིག་པ། : གསང་བདག་རྒྱལ།