ཀྲུང་གོ་བོད་ཀྱི་དྲ་བ།

གཡང་དྲུང་བསྟན་འཛིན་གྱིས་ནོར་རྩིད་ལུག་བལ་ལ་བརྟེན་ནས་མང་ཚོགས་འབྱོར་ཕྱུག་གི་ལམ་དུ་འཁྲིད་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོ།   སྤེལ་དུས། : 2023-12-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།


“སྤྱི་ཚོགས་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས་ནོར་རྩིད་དང་།  ནོར་གྱི་ཁུ་ལུ།  ཀོ་བ།  ལུག་བལ་སོགས་རང་བྱུང་ཚི་སྣ་ནི་དགོས་ངེས་ཀྱི་དངོས་པོ་ཞིག་ཡིན་པ་མ་ཟད།  འཚོ་བའི་སྤུས་ཚད་ཀྱི་མཚོན་རྟགས་ཤིག་ཀྱང་ཡིན།  སྲོལ་རྒྱུན་གྱི་འཁེལ་འཐག་ལག་རྩལ་བརྒྱུད་ངས་ནོར་ལུག་གི་བལ་ལ་གསོན་ཤུགས་གསར་པ་ཞིག་སྦྱིན་ཡོད”ཅེས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་རྟ་ནག་མ་གྲོང་རྡལ་བུམ་པ་སྡེ་བའི་ལོ་རབས90པའི་ནང་སྐྱེས་པའི་ལས་གཏོད་པ་གཡང་དྲུང་བསྟན་འཛིན་གྱིས་དེ་ལྟར་བཤད་པ་དང་། རྒྱུན་འཛིན་དང་གསར་གཏོད་བྱས་པ་བརྒྱུད་ལག་ཤེས་འཁེལ་འཐག་གི་གནའ་བོའི་ལག་རྩལ་ལ་གསོན་ཤུགས་གསར་བ་བསྩལ།

2014ལོར་གཡང་དྲུང་བསྟན་འཛིན་སློབ་ཆེན་ནས་སློབ་མཐར་ཕྱིན་རྗེས། ཉེ་འགྲམ་གྱི་སློབ་གྲོགས་མང་པོ་ཞིག་གིས་འཆར་གཞི་ལྟར་ལས་ཀ་འཚོལ་བའི་ཡིག་རྒྱུགས་སྤེལ་བཞིན་ཡོད་ལ། འོན་ཀྱང་ཁོ་རང་ཕྱིར་བུམ་པ་སྡེ་བ་ལོག་ནས་མཚོ་སྔོན་པོའི་ངོགས་སུ་རང་ཉིད་ལ་དབང་བའི་ཐོན་ལས་ཤིག་འཕེལ་རྒྱས་སུ་གཏོང་རྒྱུའི་འཆར་གཞི་འཐེན།

གོ་སྐབས་ནི་གྲ་སྒྲིག་ཡོད་པའི་མི་ལ་དབང་བ་ཡིན་ལ། 2019ལོར་གཡང་དྲུང་བསྟན་འཛིན་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་རུ་སློབ་སྦྱོང་བྱེད་པར་བསྐྱོད་པ་དང་། ས་གནས་དེ་གའི་ལག་ཤེས་བཟོ་རྩལ་རྐྱང་པའི་འཁེལ་འཐག་ཐོན་རྫས་ལ་ཁྱད་ཆོས་ཆེན་པོ་ལྡན་པ་རྒྱུས་ལོན་བྱུང་བ་དང་། བརྟག་དཔྱད་བྱས་པ་བརྒྱུད་ཁོས་ད་དུང་ཀན་སུའུ་ཞིང་ཆེན་གྱི་ལག་ཤེས་འཁེལ་འཐག་ཐོན་རྫས་བཟོ་གྲྭ་ཁ་ཤས་ཀྱི་འཕེལ་རྒྱས་ཧ་ཅང་ལེགས་པོ་ཡིན་པར་ཤེས་རྟོགས་བྱུང་།  

“ངའི་ཕ་ཡུལ་རྟ་ནག་མ་གྲོང་རྡལ་ནི་འབྲོག་ཁུལ་ཡིན་པ་དང་།  ནོར་ལུག་བལ་ལས་ཐོན་ཁུངས་ཕུན་སུམ་ཚོགས་པ་ཡོད་ལ། ད་དུང་མེས་པོས་བརྒྱུད་སྤྲོད་བྱས་པའི་ལག་ཤེས་རྐྱང་པའི་འཁེལ་འཐག་ལག་རྩལ་ཡང་ཡོད།  རྒྱལ་ཁབ་ཕྱི་ནང་དུ་མིང་དུ་གྲགས་པའི་མཚོ་སྔོན་པོར་ལོ་རེར་ཡུལ་སྐོར་བ་མང་པོ་སྣེ་ལེན་བྱེད་བཞིན་པ”སོགས་ཡིད་ལ་དྲན་ཐེངས་རེེར་གཡང་དྲུང་བསྟན་འཛིན་གྱིས་ལག་ཤེས་རྐྱང་པའི་འཁལ་འཐག་ཐོན་རྫས་ཐོན་ལས་འཕེལ་རྒྱས་ལ་ཤུགས་སྣོན་པར་སེམས་ཐག་བཅད། 

2020ལོར་གཡང་དྲུང་བསྟན་འཛིན་གྱིས་མ་དངུལ་སྒོར་ཁྲི60བཏང་ནས་བུམ་པ་སྡེ་བ་རུ་མཚོ་སྔོན་པོའི་གཡང་ནོར་སྐྱེ་ཁམས་འབྲོག་ལས་ཞིང་པའི་ཆེད་ལས་མཉམ་ལས་ཁང་གི་ལས་སྣོན་འཁོར་ཁང་བཙུགས་པ་དང་། ལག་ཤེས་ཀྱི་འཁེལ་འཐག་ཐོན་རྫས་ཐོན་སྐྱེད་བྱ་ཆེད།  ཁོས་མཚོ་སྐོར་ས་ཁུལ་གྱི་རོང་འབྲོག་པའི་མང་ཚོགས་ལག་ནས་ནོར་རྩིད་དང་ལུག་བལ།  ཀོ་པགས་ཉོ་སྒྲུབ་བྱས། འབྲོག་ཁུལ་དུ་ནོར་ལུག་གི་བལ་སོགས་ཉོ་སྒྲུབ་བྱེད་རྒྱུ་ནི་ཧ་ཅང་ལས་སླ་བའི་བྱ་བ་ཞིག་ཡིན་མོད།  འོན་ཀྱང་བཟོ་ལས་གཙང་འཁྲུ་བྱེད་པའི་ཚད་གཞིར་དང་བསྟུན་པ་ནི་ཧ་ཅང་དཀའ་བའི་གནད་དོན་ཞིག་རེད། 

གཡང་དྲུང་བསྟན་འཛིན་གྱིས་གསར་འགོད་པར་ལག་ཤེས་འཁེལ་འཐག་ཁོ་ནའི་ལས་རིམ་ཧ་ཅང་དཀའ་ཁག་ཆེ་བ་དང་། ལག་ཤེས་རྐྱང་པའི་འཁེལ་འཐག་སྣམ་བུའི་རྒྱུ་ཆ་ཁོ་ན་འདེམས་སྒྲུག་དང་གཙང་བཀྲུ།  ཉི་སྐམ། འཕུར་ཐག་སོགས་ལས་རིམ་བཅུ་ཡི་བརྒྱུད་དགོས་མོད། འོན་ཀྱང་ལག་ཤེས་རྐྱང་པའི་འཁེལ་འཐག་བོད་ལྭ་ཆ་ཚང་ཞིག་འཐག་པར་ཉུང་མཐར་ཡང་ཟླ་བ3འགོར་གྱིན་ཡོད་པ་དང་།  དེ་བར་ནས་ཁྱིམ་གྱི་ཞིང་ལས་ཀྱང་གཉེར་ན་དུས་ཚོད་དེ་བས་རིང་བ་ཞིག་ཡོད་དགོས།

གསར་གཏོད་ནི་འཁོར་ཁང་གི་འཚོ་གནས་དང་འཕེལ་རྒྱས་ཀྱི་རྒྱལ་ཁའི་རྩ་བ་ཡིན།  གཡང་དྲུང་བསྟན་འཛིན་གྱིས་རས་ཆའི་རྒྱུ་ཆ་ཚང་མ་ཆུད་ཟོས་སུ་གཏན་ནས་མི་གཏོང་བ་དང་། ལག་ཤེས་ལ་བརྟེན་ནས་འཐག་པའི་རྒྱུ་ཆ་དག་ཁོས་ཇུས་འགོད་ལས་སྣོན་བྱས་པ་བརྒྱུད་གནའ་གསོ་དར་སྲོལ་ཆེ་བའི་ལྟོ་ཕད་དང་། རས་འཇམ་ལ་སྐྱིད་སྣང་ལྡན་པའི་ཁ་དཀྲིས་སོགས་སུ་གྱུར་ནས། དྲ་ཐོག་དང་ཡུལ་དངོས་ཀྱི་ཚོང་ར་ནས་དུས་མཉམ་གཅིག་ཏུ་ཕྱིར་ཚོང་བྱེད་ཀྱིན་ཡོད་པ་དང་། ཐོན་རྫས་དག་སི་ཁྲོན་དང་ལྷ་ས།  ཡུན་ནན་སོགས་སུ་ཕྱིར་ཚོང་བྱེད་ཀྱིན་ཡོད་པ་རེད།  

གཡང་དྲུང་བསྟན་འཛིན་ལ་དུས་ནམ་ཡང་གསར་གཏོད་ཀྱི་བསམ་བློ་ཞིག་ཡོད་ལ།  ཁོས་ཉོས་པའི་ཀོ་བ་གདན་དང་འཁོར་གདན།  འབོལ་ཁྲིའི་གདན་སོགས་འཚོ་བའི་མཁོ་ཆས་བཟོ་བཞིན་པ་དང་། ཚན་རིག་དང་མཐུན་པའི་ངང་ཐག་གཅོད་བྱས་པའི་ཀོ་བའི་བཟོས་པའི་ཀོ་ཆས་ཀྱི་རྒྱུ་ཆ་ནི་འཇམ་ལ་སྐྱིད་སྣང་ལྡན་པའི་རྣམ་པ་ཞིག་ཡོད་པ་མ་ཟད།  རིན་གོང་ཆ་ཚང་ལ་སྒོར་སྟོང་ལྷག་དགོས་པ་དང་འཛད་སྤྱོད་པས་དགའ་བསུ་ཐོབ།

“ད་ལོ་འཁོར་ཁང་གི་ཡོང་སྒོ་སྒོར་ཁྲི60ཟིན་པ་དང་། ལས་བཟོ་བ10ཡི་ཟླ་རེའི་ཆ་སྙོམས་ཀྱིས་ཡོང་སྒོ་སྒོར3000ཟིན་ནས་ཁོང་ཚོའི་ཁྱིམ་གྱི་སྒོ་འགྲམ་དུ་ཡོང་སྒོ་ཇེ་མང་དུ་ཕྱིན་ཡོད”ཅེས་བཤད།  གཡང་དྲུང་བསྟན་འཛིན་གྱིས་ཉེ་ལམ་ཁོས་སྔར་བཞིན་འཆར་འགོད་ལ་བྲེལ་བཞིན་ཡོད་པ་དང་། ཕྱི་ལོའི་ཟླ5པའི་ཡར་སྔོན་དུ་འཁོར་ཁང་གི་གཞི་ཁྱོན་ཆེ་རུ་བཏང་སྟེ། མཚོ་ལྷོ་ཁུལ་གྱི་ནོར་ལུག་གི་རྩིད་བལ་གྱི་ཐོན་ཁུངས་བསྡུ་སྒྲིལ་བྱས་ཏེ་ས་གནས་དེ་གའི་མིང་རྟགས་རྒྱ་བསྐྱེད་པར་བརྩོན་ལེན་བྱ་རྒྱུ་ཡིན་ལ། དེ་ལས་མང་ཚོགས་ཀྱི་ཡོང་སྒོ་ཡར་འཕར་བ་དང་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པར་སྣེ་ཁྲིད་བྱེ་རྒྱུ་ཡིན་པའི་ཆོད་སེམས་ཡོད་ཟེར།  །  

 
རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།