ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་གྱི2023ལོའི་རྫས་འགྱུར་དངོས་པོའི་ཁོར་ཡུག་ཆ་འཕྲིན་བསྡོམས་རྩིས་བརྟག་དཔྱད་ལས་དོན་ལ་ལེགས་འགྲུབ་བྱུང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རྡོ་རྗེ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2023-11-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ11པའི་ཚེས15ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་ནས་ཤེས་གསལ་ལྟར་ན།  མིག་སྔའི་བར། མཚོ་སྔོན་ཞིང་ཆེན་གྱིས་དུས་ལྟར་ཞིང་ཆེན་ཡོངས་ཀྱི་ཁེ་ལས73གྱི་རྫས་འགྱུར་དངོས་པོའི་ཁོར་ཡུག་ཆ་འཕྲིན་བསྡོམས་རྩིས་བརྟག་དཔྱད་ལས་དོན་ལ་བདེ་བླག་ངང་ལེགས་འགྲུབ་བྱུང་།  

རྫས་འགྱུར་དངོས་པོའི་ཁོར་ཡུག་ཆ་འཕྲིན་གྱི་བསྡོམས་རྩིས་བརྟག་དཔྱད་ལས་དོན་ནི་སྦགས་བཙོག་དངོས་པོ་གསར་བར་བཅོས་སྐྱོང་བྱེད་པའི་རྨང་གཞིའི་རང་བཞིན་གྱི་ལས་དོན་ཞིག་ཡིན་ལ། བརྟག་དཔྱད་ལས་དོན་ཁྲོད།  ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་གིས་འགན་འཁྲིའི་ལས་བགོས་སྔར་བས་གསལ་བོར་བྱས་ནས། གསོ་སྦྱོང་པར་རྫས་འགྱུར་དངོས་པོའི་ཁོར་ཡུག་ཆ་འཕྲིན་གྱི་བསྡོམས་རྩིས་བརྟག་དཔྱད་ལས་དོན་གྱི་བླང་བྱ་དང་།  ཆ་འཕྲིན་དོ་དམ་མ་ལག་རེའུ་མིག་སྐོང་བ་སོགས་ཀྱི་ལས་སྒོའི་ཤེས་བྱ་བརྒྱུད་རིམ་ལྡན་པའི་སྒོ་ནས་སློབ་སྦྱོང་བྱེད་དུ་བཅུག་པ་དང་། ཆེད་མཁས་པའི་ཚོགས་པ་རྩ་འཛུགས་བྱས་ཏེ་ཁེ་ལས་ལ་ཡུལ་དངོས་ནས་རྫས་འགྱུར་དངོས་པོའི་ཁོར་ཡུག་ཆ་འཕྲིན་རེའུ་མིག་སྐོང་བའི་ལས་དོན་ལ་མཛུབ་སྟོན་བྱས།  དེ་དང་ཆབས་ཅིག གཞི་གྲངས་ཀྱི་ཆ་ཚང་རང་བཞིན་དང་། ཡང་དག་རང་བཞིན། གཏན་ཚིགས་རང་བཞིན་བཅས་ལ་ཞིབ་བཤེར་བྱེད་པ་དེ་གཙོ་གནད་དུ་བཟུང་ནས། ཡུལ་དངོས་ནས་གཅིག་སྡུད་ངང་ཞིབ་དཔྱད་དང་ཁ་པར་གྱི་ལམ་ནས་ཞིབ་དཔྱད་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ། ཁེ་ལས་ཀྱི་ལས་རིགས་དང་། རྫས་འགྱུར་དངོས་རྫས་ཉོ་ཚོང་གི་དཔྱད་གཞི། མཛོད་ཁང་དུ་འཇུག་པ་དང་ཕྱིར་ལེན་པའི་རྩིས་ཐོ་སོགས་ལ་ཞིབ་དཔྱད་བྱས་ནས། ལས་རིགས་གཅིག་པ་དང་ཐོན་སྐྱེད་གཅིག་པའི་བཟོ་རྩལ་ཁེ་ལས་བར་ཞིབ་བསྡུར་བྱས་ནས།  རིམ་པ་བཞིན་གཞི་གྲངས་ཞིབ་དཔྱད་ལ་བརྟག་དཔྱད་བྱས་ཏེ་གཞི་གྲངས་རེའུ་མིག་དུ་འགོད་པའི་སྤུས་ཚད་ལ་འགན་སྲུང་བྱས།  སྦགས་བཙོག་དངོས་པོ་གསར་བར་བཅོས་སྐྱོང་བྱེད་པའི་ཚོད་ལྟའི་རྣམ་གྲངས་དེ2024ལོའི་ཞིང་ཆེན་རིམ་པའི་ཆེད་སྤྱོད་མ་དངུལ་གྱི་སྔོན་རྩིས་ནང་བཅུག་ནས། སྦགས་བཙོག་དངོས་པོ་གསར་བར་བཅོས་སྐྱོང་བྱེད་པར་སྐུལ་འདེད་གཏིང་ཟབ་བཏང་།  

རྒྱུས་ལོན་བྱུང་བ་ལྟར་ན།  ཞིང་ཆེན་ཡོངས་ཀྱི་ལས་རིགས122དང་འབྲེལ་བའི་ཁེ་ལས་ལ་ཡུལ་དངོས་ནས་བརྟག་དཔྱད་ཚད་ལེན་བྱས་པ་དང་།  ལས་རིགས་ཀྱི་ཚབ་ཨང་ཆུང་ངུ་གདམ་གསེས་བྱེད་པ་སོགས་ཀྱི་ལས་དོན་སྤེལ་བ་བརྒྱུད་དེ། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་གིས་མཇུག་མཐར་བརྟག་དཔྱད་ཁྱབ་ཁོངས་ནང་བཅུག་པའི་ཁེ་ལས73གཏན་འཁེལ་བྱས།  བརྟག་དཔྱད་བྱ་ཡུལ་དག་ནི་ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བཅས་རེད། བརྟག་དཔྱད་དང་འབྲེལ་བའི་ལས་རིགས་གཙོ་བོ་ནི་རྫས་འགྱུར་གྱི་མ་བཅོས་རྒྱུ་ཆ་དང་། རྫས་འགྱུར་ཐོན་རྫས་བཟོ་སྐྲུན་ལས་རིགས། མདོག་ལྡན་ལྕགས་རིགས་བཙོ་སྦྱང་དང་གནོན་སྲིང་ལས་སྣོན་ལས་རིགས། གློག་རྡུལ་སྒྲིག་ཆས་བཟོ་སྐྲུན་ལས་རིགས།  སྨན་རྫས་བཟོ་སྐྲུན་ལས་རིགས། རྡོ་སྣུམ་དང་རྡོ་སོལ། འབར་རྫས་ལས་སྣོན་ལས་རིགས་གཞན་དག་སོགས་རེད།  །

རྩོམ་སྒྲིག་པ། : རྡོ་རྗེ་སྐྱིད།