ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས13ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིང་ནས་ཤེས་གསལ་ལྟར་ན། གཙོ་གནད་བཞུར་ཁོངས་ཀྱི་ཆུའི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལ་རྒྱབ་སྐྱོར་བྱེད་པ་དང་། རྫོང་དང(གྲོང་ཁྱེར། ཆུས)ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་འགན་འཁྲི་དོན་འཁྱོལ་བྱ་ཆེད། བཞུར་ཁོངས་ཀྱི“མཉམ་དུ་སྲུང་སྐྱོང་ཆེན་པོ་དམ་འཛིན་བྱས་ཏེ། བཅོས་སྐྱོང་མཐུན་འགྲིག་སྐུལ་འདེད”བྱ་ཆེད། ཞིང་ཆེན་ནོར་སྲིད་ཐིང་སོགས་སྡེ་ཁག4ཡིས་མཉམ་དུ《མཚོ་སྔོན་ཞིང་ཆེན་གཙོ་གནད་བཞུར་ཁོངས་ཀྱི་སྐྱེ་ཁམས་སྲུང་སྐྱོང་ཁ་གསབ་བྱེད་ཐབས(ཚོད་ལྟ)》(གཤམ་དུ《ཁ་གསབ་བྱེད་ཐབས》)དཔར་འགྲེམ་བྱས་ཤིང་། ཉེ་ཆར། རང་ཞིང་གིས་ཆེས་ཐོག་མར2022ལོའི་ཞིང་ཆེན་རིམ་པའི་གཙོ་གནད་བཞུར་ཁོངས་ཀྱི་སྐྱེ་ཁམས་སྲུང་སྐྱོང་ཁ་གསབ་མ་དངུལ་སྒོར་དུང་ཕྱུར2.97རྩིས་སྤྲོད་བྱས།
བསྡོམས་རྩིས་བྱས་པ་ལྟར་ན། ཁ་གསབ་ཐོབ་པའི་རྫོང40ཁྲོད། ཆ་སྙོམས་ཀྱི་རྫོང་དང(གྲོང་ཁྱེར།ཆུས)ལ་ཐོབ་པའི་ཁ་གསབ་སྒོར་ཁྲི742ཐོབ་ཅིང་། ཆ་སྙོམས་ཀྱི་རྫོང་དང(གྲོང་ཁྱེར།ཆུས)13ལས་མཐོ་བ་དང་། ཆ་སྙོམས་གྲངས་ཀ27ལས་དམའ། ཁ་གསབ་མ་དངུལ་ཆེས་མཐོ་བའི་རྫོང3(གྲོང་ཁྱེར)དེ་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་འབྲི་སྟོད་རྫོང་ལ་སྒོར་ཁྲི2154.99དང་། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་ལ་སྒོར་ཁྲི1634.14། ཡུས་ཧྲུའུ་ཁུལ་ཆུ་དམར་ལེབ་རྫོང་ལ་སྒོར་ཁྲི1504.39བཅས་ཡིན་ཞིང་། ཁ་གསབ་མ་དངུལ་ཐོབ་པ་ཆེས་ཉུང་བའི་རྫོང3གྱི(ཆུས)རེ་རེ་བཞིན་མཚོ་ཤར་གྲོང་ཁྱེར་མིན་ཧོ་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་གི་སྒོར་ཁྲི474.81དང་། མཚོ་ཤར་གྲོང་ཁྱེར་ཕིན་ཨན་ཆུས་ལ་སྒོར་ཁྲི464.04། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་ལ་སྒོར་ཁྲི321.82བཅས་ཡིན།
《ཁ་གསབ་བྱེེད་ཐབས》ཀྱི་འབྲེལ་ཡོད་གཏན་ཁེལ་ལྟར། ཞིང་ཆེན་ནོར་སྲིད་ཐིང་གིས“ལས་འགན་མཉམ་ཁུར”གྱི་རྩ་དོན་ལྟར། ཐོག་མར་ཞིང་ཆེན་རིམ་པ་དང་རྫོང(གྲོང་ཁྱེེར་དང་ཆུས)མཉམ་དུ་མ་དངུལ་སྒོར་དུང་ཕྱུར3བསྡུ་སྒྲིག་བྱས་པ་མ་ཟད། འབྲེལ་ཡོད་སྡེ་ཁག་གིས་མཁོ་འདོན་བྱས་པའི2022ལོའི་རྒྱལ་ཁབ་དང་ཞིང་ཆེན་གྱི་ཚོད་འཛིན་བྱས་པའི་ཆུའི་སྤུས་ཚད་རྟགས་ཚད་གནས་ཚུལ་དང་། ཆུའི་ཐོན་ཁུངས་དོ་དམ་སྒྲིག་སྲོལ་དཔྱད་ཞིབ་གནས་ཚུལ། དེ་མིན་རྫོང་དང(གྲོང་ཁྱེེར་དང་ཆུས)ཀྱི་བརླན་ས་དང་ནགས་ཚལ། རྩྭ་ཐང་གི་རྒྱ་ཁྱོན་གནས་ཚུལ་བཅས་ཀྱི་དཔྱད་ཞིབ་ཀྱི་རྒྱུ་རྐྱེན་ལག་བསྟར་བྱས་ཤིང་། རྨ་ཆུ་དང་འབྲི་ཆུ། རྫ་ཆུ་བཅས་བཞུར་ཁོངས་ཀྱི་རྫོང40ཡི(གྲོང་ཁྱེེར་དང་ཆུས)ཀྱི་སྐྱེ་ཁམས་ཁ་གསབ་མ་དངུལ་སྡེབ་སྒྲིག་གནས་ཚུལ་སྔོན་རྩིས་བྱས་པ་དང་། འབྲེལ་ཡོད་སྡེ་ཁག་གི་བསམ་འཆར་དང་བསྐྱར་ཞིབ་བསྡུ་ལེན་གྱི་རྨང་གཞིའི་སྟེང་། སྐྱེ་ཁམས་ཁ་གསབ་མ་དངུལ་སྒོར་ཁྲི29678.18བྱིན། དེ་མིན། བྱ་དགའི་ཆད་གཅོད་སྒྲིག་སྲོལ་མངོན་ཆེད། ཞིང་ཆེན་ནོར་སྲིད་ཐིང་གིས2022ལོའི་རྒྱལ་ཁབ་གཙོ་གནད་སྐྱེ་ཁམས་བྱེད་ནུས་ཁུལ་གྱི་རྫོང་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྤུས་ཚད་ལྟ་ཞིབ་ཚད་ལེན་དང་དཔྱད་འཇོག་འབྲས་བུ་ལྟར། ས་ཁུལ་དང་སྒེར་གྱི་རྒྱུ་རྐྱེན་གྱིས་བསླངས་པའི་འབུར་ཐོན་ཁོར་ཡུག་དོན་རྐྱེན་དང་། མ་དངུལ་གྱི་གྲངས་ཀའི50%ཇེ་ཉུང་དུ་བཏང་། །