ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་གྱིས་ཐོག་མར་རྩྭ་གཡིའི་སྐེ་ཕྲེང་རྗེས་འདེད་ཞིབ་འཇུག་བྱས་པར་འཕེལ་རིམ་གསར་པ་བྱུང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : སངས་རྒྱས་སྐྱབས་ཀྱིས་བསྒྱུར།   སྤེལ་དུས། : 2023-11-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས15ཉིན་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཞིང་ཆེན་དོ་དམ་ཅུའུ་རུ་རྒྱུས་ལོན་པ་ལྟར་ན། ཅུའུ་དེས་སྐེ་ཕྲེངགཞི་གྲངས་སྤྱད་དེ་རྩྭ་གཡིའི་འཚོ་གནས་ཁྱོན་ཚད་ལ་ཚན་རིག་དང་མཐུན་པའི་ངང་ཚོད་རྩིས་ཐེངས་དང་པོ་བྱས་ཤིང་མཇུག་འབྲས་ལས་མངོན་པ་ལྟར་ན། རྩྭ་གཡིའི་ཆ་སྙོམས་འཚོ་གནས་ཁྱོན་ཚད་སྟོང་སྨི་གྲུ་བཞི3.3ཙམ་ཟིན་ཡོད་པ་རེད། 

2021ལོའི་ཟླ10པ་ནས2023ལོའི་ཟླ10པའི་བར། དོ་དམ་ཅུའུ་ཡིས་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཡུག་ཁུལ་དུ་རྩྭ་གཡིའི་སྲུང་སྐར་རྗེས་འདེད་ཞིབ་འཇུག་ཐེངས་དང་པོ་བྱས་པ་རེད། སྲུང་སྐར་སྤྱད་དེ་ངེས་གནས་གཏན་འཁེལ་གྱིས་སྐེ་ཕྲེང་རྗེས་འདེད་བཏང་སྟེ་བསྡོམས་པས་རྩྭ་གཡི10ལ(མོ7དང་ཕོ3ཡོད)ཁྱོན་ལས་ཉིན6111ལ་རྗེས་དེད་པས་ནུས་ལྡན་གྱི་ཐོ་འགོད་ཚེག་གནས་ཁྲི27ཙམ་ཐོབ་ཡོད། ཐེངས་འདིའི་རྩྭ་གཡིའི་རྗེས་འདེད་སྲུང་སྐར་གྱིས་སྐེ་ཕྲེང་རྗེས་འདེད་རྣམ་གྲངས་ནི་མིག་སྔར་གོ་ལ་ཧྲིལ་པོའི་ཁྱབ་ཁོངས་སུ་རྩྭ་གཡིའི་སྐེ་ཕྲེང་རྗེས་འདེད་ཀྱིཞིབ་འཇུག་ཐེངས་དང་པོ་ཡིན་པ་རེད། 

རྩྭ་གཡི་ནི་ཀྲུང་གོར་དམིགས་བསལ་དུ་ཡོད་པའི་ཞི་ལའི་ཚན་གྱི་སྲོག་ཆགས་ཤིག་ཡིན་ལ། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་གཙོ་གནད་སྲུང་སྐྱོབ་རི་སྐྱེས་སྲོག་ཆགས་ཤིག་ཀྱང་ཡིན། སྲུང་སྐར་གྱིས་སྐེ་ཕྲེང་རྗེས་འདེད་ཀྱི་གཞི་གྲངས་ལ་གཞིགས་ན། རྩྭ་གཡིའི་གནས་ཁྱོན་ཆེ་ཆུང་ལ་དུས་ཚིགས་རང་བཞིན་ལྡན་པ་དང་དབྱར་དུས་ཀྱི་གནས་ཁྱོན་དེ་ཆེ་ཙམ་ཡོད་ལ། དགུན་དུས་མངོན་གསལ་གྱིས་ཇེ་ཆུང་དུ་ཕྱིན་འགྲོ་བ་རེད། དུས་མཚུངས་སུ། མོའི་གནས་ཁྱོན་ནི་ཕོ་རིགས་ལས་ཆེ་ཞིང་། མོ་ཡི་གནས་ཁྱོན་ཁྱབ་ཁོངས་དབྱར་དུས་སུ་མངོན་གསལ་གྱིས་ཆེ་རུ་འགྲོ་བཞིན་ཡོད། སྡེབ་སྦྱོར་བྱེད་པའི་དུས་སུ། ཕོ་རིགས་རྩྭ་གཡིའི་འགུལ་སྐྱོད་ཀྱི་ཁྱབ་ཁོངས་ནི་མོའི་རིགས་ལས་ཆེ། ཕྲུ་གུ་བཙའ་བའི་དུས་སུ་རྩྭ་གཡི་མོའི་འགུལ་སྐྱོད་ཀྱི་ཁྱབ་ཁོངས་ནི་ཕོ་རིགས་ལས་ཆེ། དེ་དང་ཆབས་ཅིག་རྩྭ་གཡི་ནི་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་རི་ཐང་མཚམས་ཀྱི་སྐྱེ་ཁམས་མ་ལག་གི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་གི་སྲོག་ཆགས་རིགས་དང་མཛུབ་སྟོན་སྲོག་ཆགས་རིགས་སུ་བརྩི་ཆོག་པ་རེད། ད་ལྟའི་དུས་མཚམས་ཀྱི་ཞིབ་འཇུག་ལས་མངོན་པ་ལྟར་ན། རྩྭ་གཡིའི་གྲངས་འབོར་ཉུང་ལ་ཁྱབ་ཚད་ཅུང་དམའ། དེའི་ལུས་ཁམས་ཀྱི་གནས་ཚུལ་དང་སྐྱེ་འཕེལ། ཟས་རིགས་རང་བཞིན་སོགས་སྐྱེ་ཁམས་རིག་པའི་ཞིབ་འཇུག་ཧ་ཅང་དཀོན་པ་རེད། 

གསར་འགོད་པས་ཤེས་གསལ་ལྟར་ན། སྐེ་ཕྲེང་རྗེས་འདེད་གཞི་གྲངས་ལ་དབྱེ་ཞིབ་བྱས་འབྲས་ལས་མངོན་པར། རྩྭ་གཡི་ཡིས་མདོ་ལ་རི་བོའི་རི་ཐང་མཚམས་དང་ཐང་གཤོངས་དུ་གདོད་མའི་སྡོང་ཐུང་ནགས་ཚལ་དང་། རི་ཐང་མཚམས་ཀྱི་རྩྭ་ཐང་། མིས་བཟོས་ནགས། ཞིང་ཁ་སོགས་འཚོ་གནས་ཁུལ་སྣ་ཚོགས་བེད་སྤྱོད་གང་ལེགས་བྱེད་ཐུབ་ཀྱི་ཡོད་པ་རེད། རྩྭ་གཡིའི་སྡོད་གནས་འདེམས་པ་ལ་དུས་ཚིགས་རང་བཞིན་ངེས་ཅན་ཞིག་དང་ཕོ་མོའི་ཁྱད་པར་ཡོད་དེ། དགུན་དུས་སུ་མིས་བཟོས་ནགས་ཚལ་དང་སྡོང་ཕྲན་ཁུལ་སྤྱོད་ཚད་མང་བ་དང་། དབྱར་དུས་སུ་ཞིང་ཁའི་སྤྱོད་ཚད་མང་དུ་སོང་བ་དང་། ཕོའི་རིགས་ཀྱིས་མིས་བཟོས་ནགས་ཚལ་དང་ཞིང་ཁ་སྤྱོད་ཚད་མོ་ལས་མཐོ་བ་དང་། མོ་རིགས་ཀྱིས་ས་ཁེབས་འདྲ་མིན་སྣ་ཚོགས་བེད་སྤྱོད་བྱེད་པ་རེད།  ། 

རྩོམ་སྒྲིག་པ། : སངས་རྒྱས་སྐྱབས།