ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས14ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་དགུན་དཔྱིད་ཡུལ་སྐོར་དུས་ཚིགས་ཀྱི་བྲིན་ཚོང་གྲོན་དངུལ་བྱེད་སྒོའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་སྟེང་ཤེས་གསལ་ལྟར་ན། ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་ཡིས《མཚོ་སྔོན་ཞིང་ཆེན་གྱི་དགུན་དཔྱིད་ཡུལ་སྐོར་དུས་ཚིགས་ཀྱི་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་ལག་བསྟར་ཇུས་གཞི》ལ་གཞིར་བཟུང་བ་དང་། དགུན་དཔྱིད་ཡུལ་སྐོར་དུས་ཚིགས་ཀྱི་འབྲེལ་ཡོད“བཟའ་བཏུང་དང་འགྲོ་འདུག ཉོ་སྒྲུབ། ཡུལ་སྐོར། རླངས་འཁོར་འཇོག་ས”སོགས་གནད་འགག་གི་བརྒྱུད་རིམ་དག་ལ་དམ་པོར་དམིགས་ཏེ། ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་རྒྱུན་མཐུད་ངང་ཆེ་རུ་བཏང་བ་དང་། འཛད་སྤྱོད་ཞུ་གཏུག་ཐེར་འདོན་གྱི་ཐབས་ལམ་ཤར་གཏོང་བྱས་པ། ཁོངས་གཏོགས་ཁུལ་གྱི་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་ཇེ་ནན་དུ་བཏང་པ། ཡུལ་སྐོར་ཁྲོམ་རའི་ཟང་ཟིང་གི་རྣམ་པ་བཅོས་སྐྱོང་བཅས་བྱས་ནས་ཡུལ་སྐོར་འཛད་སྤྱོད་ཀྱི་ཁོར་ཡུག་བཟང་བོ་ཧུར་ཐག་གིས་བསྐྲུན།
ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་ཡིས་མཛེས་ལྗོངས་ཁུལ་དང་ཡུལ་སྐོར་ཉོ་སྒྲུབ། ཟ་ཁང་། ཁྲོམ་ར་སོགས་ཡུལ་སྐོར་ཚོང་གཉེར་གྱི་གྱི་འབྲེལ་ཡོད་སྡེ་ཁག་གིས། སྲིད་གཞུང་གིས་མཛུབ་སྟོན་བྱས་པའི་རིན་གོང་དང་། སྲིད་གཞུང་གི་གཏན་འཁེལ་རིན་གོང་ལག་བསྟར་མི་བྱེད་པ་དང་། གཏན་འབེབས་ལྟར་རིན་གོང་ཁ་གསལ་བོར་མི་བྱེད་པ། རིན་གོང་རྫུན་མ་བཟོ་བ་སོགས་ཀྱི་ཁྲིམས་འགལ་བྱ་སྤྱོད་ལ་ཞིབ་བཤེར་ཐག་གཅོད་བྱེད་ཤུགས་སྔར་བས་ཇེ་ཆེར་བཏང་པ་དང་། སྒྲིག་འགལ་ངང་འཛུགས་སྐྲུན་སྣ་ཚོགས་བྱེད་པ་དང་འཛིན་བྱང་འཛུགས་པ་སོགས་ཀྱི་རྣམ་པར་བརྟེན་ནས་འཛིན་བྱང་གི་རིན་གོང་ཇེ་མཐོར་གཏོང་བ་སོགས་གཙོ་བོར་བཟུང་ནས། རང་དགར་ངང་འགྲོ་གྲོན་བསྡུ་བའི་རྣམ་གྲངས་ཇེ་མང་དུ་གཏོང་བ་དང་། ཡུལ་སྐོར་དུས་བཟང་མིན་དུས་རིན་གོང་འགྱུར་ལྡོག་གཏོང་བ་དང་རིན་གོང་སླ་མོའི་གཟིགས་སྐྱོང་སྲིད་ཇུས་སོགས་ལག་བསྟར་མི་བྱེད་པའི་ཁྲིམས་འགལ་བྱ་སྤྱོད་ལ་ཞིབ་བཤེར་བྱས་ནས། ཡུལ་སྐོར་ཁྲོམ་རའི་རིན་གོང་སྒྲིག་ལམ་ལེགས་པོར་སྲུང་སྐྱོང་བྱས་པ་མ་ཟད། རྒྱུན་ལྡན་གྱི་ཞིབ་བཤེར་དང་། སྐབས་བསྟུན་ཟུར་བཤེར། གཙོ་གནད་ཞིབ་བཤེར་སོགས་ཀྱི་བྱེད་ཐབས་སྤྱད་དེ། ཡུལ་སྐོར་ཚོང་ཟོག་དང་ཐོན་རྫས་ཀྱི་སྤུས་ཚད་ལ་ལྟ་སྐུལ་ཟུར་བཤེར་བྱེད་པ། ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་ཟས་རིགས་བདེ་འཇགས་ལ་གཅིག་སྡུད་ངང་བཅོས་སྐྱོང་བྱེད་པ། སྤྲོ་གསེང་རོལ་རྩེད་སྒྲིག་བཀོད་དང་མཛེས་ལྗོངས་ཁུལ་གྱི་སྒྲིག་བཀོད་སོགས་དམིགས་བསལ་སྒྲིག་ཆས་ཀྱི་མངོན་མེད་ཉེན་ཁ་གྲལ་བཤེར་བྱེད་ཚད་ལ་ཤུགས་བསྣན་ཏེ་ཆག་སྒོ་དང་དོན་རྐྱེན་འབྱུང་བར་མཐའ་གཅིག་ཏུ་བཀག་འགོག་བྱ་རྒྱུ་རེད།
དུས་མཚུངས་སུ། ཡུལ་སྐོར་འཛད་སྤྱོད་ཀྱི་དྲན་སྐུལ་ཉེན་བརྡ་གཏོང་བ་དང་ཡིད་རྟོན་གཉེར་སྐྱོང་གི་གྲོས་གཞི་བཏོན་ནས་ཚོང་གཉེར་མཁན་གྱིས་དྲིལ་བསྒྲགས་རྫུན་མ་བཟོ་བ་དང་བཙན་ཤེད་ངང་དངོས་ཟོག་ཉོ་རུ་འཇུག་པ་སོགས་ཀྱི་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་ལ་ཁྲིམས་དང་སྒྲིག་སྲོལ་ལྟར་ཞིབ་བཤེར་ཐག་གཅོད་ནན་མོ་བྱས་ཏེ། ཡུལ་སྐོར་ཁྲོམ་རའི་ཁོར་ཡུག་ཇེ་ལེགས་སུ་བསྐྲུན་རྒྱུ་ཡིན་པ་དང་། 12315ཡི་སྟེགས་བུའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། ཞུ་གཏུག་ཐེར་འདོན་གྱི་ཐབས་ལམ་ཤར་གཏོང་བྱེད་པ་དང་། ཟས་རིགས་དང་འགྲོ་འདུག དངོས་ཟོག་ཉོ་སྒྲུབ་སོགས་ཡུལ་སྐོར་དང་འབྲེལ་བའི་གནས་ཡུལ་གྱི་བདེ་འཇགས་དང་། ཚོང་ཟོག་རིན་གོང་། ཞབས་ཞུའི་གླ་རིན་སོགས་ཞུ་གཏུག་ཐེར་འདོན་དུས་ཐོག་ཏུ་བདག་སྤྲོད་བྱེད་པ། དོན་དག་མ་བྱུང་གོང་གི་སྔོན་འགོག་དང་། བར་སྐབས་དང་རྗེས་མཐུད་ཀྱི་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་ནན་མོ་བྱ་རྒྱུ་ཡིན་པ་མ་ཟད། རིག་གནས་ཡུལ་སྐོར་དང་། འཕེལ་རྒྱས་བཅོས་སྒྱུར། ཚོང་དོན་སོགས་སྡེ་ཁག་དང་མཐུན་སྦྱོར་བྱེད་ཚད་ཇེ་ཆེར་བཏང་ནས་ཁ་དན་ཚིག་ལ་མ་གནས་པའི་ཁྲིམས་འགལ་བྱ་སྤྱོད་ཚབས་ཆེན་ཅན་ལ་མཉམ་འབྲེལ་ངང་ཆད་པ་བཅད་དེ། ཚད་ལྡན་ཅན་གྱི་ཁྲོམ་ར་དང་། འགྲན་རྩོད་ལ་གོ་རིམ་ལྡན་པ། སྒྲིག་སྲོལ་དྲང་གཞག་ཡིན་པ། མང་ཚོགས་ཀྱི་ཡིད་ཚིམ་པའི་ཡུལ་སྐོར་འཛད་སྤྱོད་ཁོར་ཡུག་ལེགས་པོ་བསྐྲུན་རྒྱུ་རེད། །