ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས16ཉིན་གྱི་སྔ་དྲོར། མཚོ་སྔོན་སློབ་ཆེན་ས་མཐོའི་གསོ་རིག་ཞིབ་འཇུག་ལྟེ་གནས་ཀྱི་འབུམ་རམས་པའི་ཧུའུ་ཀྲུའུ་རྫོང་གི་ལས་དོན་ས་ཚིགས་དེ་མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་ནས་སྒོ་བྱང་བཀལ་ཞིང་། འདི་ནི་མཚོ་སྔོན་ཞིང་ཆེན་གྱི་གསོ་རླུང་ཉུང་བའི་ལུས་ཁམས་འགྱུར་འབྱུང་གི་ས་མཐོ་རུ་བཙུགས་པའི་གསོ་རིག་འབུམ་རམས་པའི་ལས་དོན་ས་ཚིགས་ཐོག་མ་དེ་ཡིན་ལ། འདིས་ས་མཐོའི་ཁམས་གསོ་འདུ་ཤེས་སྔར་བས་ཁྱབ་གདལ་དུ་གཏོང་པ་དང་མི་སྔར་བས་མང་པོ་དང་ལྷག་པར་དུ་ཧུའུ་ཀྲུུའ་རྫོང་གི་རྒྱ་ཆེའི་མི་དམངས་མང་ཚོགས་ལ་སྤུས་ལེགས་བདེ་ཐང་གི་ཞབས་ཞུ་མཁོ་འདོན་བྱེད་པ་སོགས་ལ་དམིགས་བསལ་གྱི་དོན་སྙིང་ལྡན།
མཚོ་སྔོན་སློབ་ཆེན་གྱི་ས་མཐོའི་གསོ་རིག་འབུམ་རམས་པའི་ལས་དོན་ས་ཚིགས་ནི2020ལོར་བཙུགས་པ་དང་། དེ་ནི་སློབ་གྲྭ་དེས་གཞི་རིམ་ལ་ཞབས་འདེགས་ཞུ་བའི་མིང་བྱང་གཞན་ཞིག་ཡིན་ལ། མིག་སྔར་སྔ་རྗེས་སུ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཧོ་ནན་སོག་རིགས་རང་སྐྱོང་རྫོང་སོག་རིགས་སྨན་རྩིས་ཁང་དང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྨན་ཁང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བོད་སྨན་ཁང་། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པད་མ་རྫོང་མི་དམངས་སྨན་ཁང་སོགས་སུ་ས་མཐོའི་གསོ་རིག་འབུམ་རམས་པའི་ལས་དོན་ས་ཚིགས4བཙུགས་ཡོད། འདིའི་དམིགས་ཡུལ་ནི་གཞི་རིམ་སྨན་བཅོས་སྒྲིག་གཞི་དང་མཉམ་ལས་སྤེལ་རེས་གཏིང་ཟབ་བྱས་ནས“བདེ་ཐང་མཚོ་སྔོན”དང་གཞི་རིམ“ས་ཁོངས་ཀྱི་སྨན་བཅོས་ལྟེ་གནས”ལ་མཚོ་སྔོན་གྱི་སྟོབས་ཤུགས་འདོན་རྒྱུ་དང་། གཙོ་བོ་གནད་ཐོག་འོས་འགན་སྨན་བཅོས་དང་། སློབ་ཁྲིད་ཁང་པར་ཞིབ་བཤེར་བྱེད་པའི་ཚན་ཞིབ་མཉམ་ལས་སོགས་བྱེད་ཐབས་སྣ་ཚོགས་བརྒྱུད་དེ། གཞི་རིམ་སྨན་བཅོས་སྒྲིག་གཞིར་ལག་རྩལ་གྱི་འདེགས་སྐྱོར་དང་ཤེས་ལྡན་པའི་འགན་སྲུང་མཁོ་འདོན་བྱས་ནས། ས་མཐོའི་མི་རྣམས་ཀྱི་འཚོ་བ་བདེ་ཐང་དང་། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས། རྒྱལ་ཁབ་ཀྱི་བཟོ་སྐྲུན་གལ་ཆེན་འཛུགས་སྐྲུན་བཅས་ལ་སྔར་ལས་ལྷག་པའི་ཞབས་ཞུ་བཟང་བོ་བསྒྲུབ་རྒྱུ་དེ་རེད།
རྒྱུས་ལོན་པ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱིས་ས་མཐོའི་ཁམས་གསོ་དང་འབྲེལ་ཡོད་ཐོན་ལས་འཛུགས་སྐྲུན་ལ་མཐོང་ཆེན་ནན་མོ་བྱས་པ་དང་། ཧུའུ་ཀྲུའུ་རྫོང་ལ་ས་མཐོའི་ཁམས་གསོ་ཁྱབ་ཁོངས་སུ་ཐུན་མིན་གྱི་ལེགས་ཆ་ཡོད་པ་དང་། ཕྱོགས་གཉིས་ཀྱིས་མཚོ་སྔོན་སློབ་ཆེན་གྱི་ས་མཐོའི་གསོ་རིག་ཞིབ་འཇུག་ལྟེ་གནས་ཀྱི་ཚན་རིག་ཞིབ་འཇུག་གི་དངོས་ཡོད་སྟོབས་ཤུགས་དང་ཧུའུ་ཀྲུའུ་རྫོང་གི་གཞི་རིམ་སྨན་ཁང་གི་ནད་ཐོག་སྨན་བཅོས་ཀྱི་ཕུན་སུམ་ཚོགས་པའི་ཉམས་མྱོང་ལ་བརྟེན་ནས། ས་མཐོའི་གསོ་རིག་ཞིབ་འཇུག་དང་། གསོ་རིག་ཚོགས་པ་གསོ་སྐྱོང་། ལག་རྩལ་ཁྱབ་གདལ་སོགས་ཀྱི་ཐད་ནས་མཉམ་ལས་གཏིང་ཟབ་བྱས་པ་མ་ཟད། ས་མཐོའི་གསོ་རིག་ཞིབ་འཇུག་གྲུབ་འབྲས་གསར་ཤོས་དེ་ནད་པར་སྔར་བས་ཚན་རིག་དང་མཐུན་ཞིང་སྔར་བས་ནུས་ལྡན་གྱི་སྨན་བཅོས་ཇུས་གཞི་མཁོ་འདོན་བྱ་རྒྱུ་རེད།
ཉེ་བའི་ལོ་ཤས་རིང་། ཧུའུ་ཀྲུའུ་རྫོང་གིས་སྨན་བཅོས་འཕྲོད་བསྟེན་གྱི་སྒྲིག་སྲོལ་བཅོས་སྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་བཏང་སྟེ་ལོ་ངོ8རིང་དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད། སྨན་བཅོས་བཅོས་སྒྱུར་རྣམ་པའི་འོག་གི“ཧུའུ་ཀྲུའུ་ཡི་ཉམས་མྱོང་”རྒྱལ་ཁའི་ངང་འཚོལ་ཞིབ་བྱས། སྨན་བཅོས་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་གཏོང་རྒྱུ་དེ་ཞིང་ཆེན་ཡོངས་ཀྱི་རྫོང་དང་ཁུལ་གྱི་མདུན་གྲལ་དུ་སླེབས་ཡོད་པས། རྒྱལ་ཡོངས་ཀྱི་རྫོང་རིམ་པའི་གཞུང་བཙུགས་སྨན་ཁང་གི་ཕྱོགས་བསྡུས་བཅོས་སྒྱུར་ཚོད་ལྟའི་རྫོང་ཁག་དང་པོར་བདམས་ཡོད། །