ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། (གསར་འགོད་པ། གསང་བདག་རྒྱལ།) ཟླ9པའི་ཚེས12ཉིན་ནས་ཚེས15ཉིན་བར། མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་གཙོ་སྒྲུབ་བྱས་ཤིང་། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་སྐད་གཉིས་ཤེས་ལྡན་མི་སྣའི་གསོ་སྦྱོང་རྟེན་གཞི་དང་མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་གཉིས་ཀྱིས་རོགས་སྒྲུབ་བྱས་པའི་ཞིང་ཆེན་ཡོངས་ཀྱི་མི་རིགས་སྐད་ཡིག་ལོ་ཙཱ་དང་མི་རིགས་སྐད་ཡིག་དོ་དམ་མི་སྣའི་གསོ་སྦྱོང་འཛིན་གྲྭ་ཟི་ལིང་གྲོང་ཁྱེར་དུ་འཚོགས། ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཁོངས་མིའམ་ཀྲུའུ་རེན་གཞོན་པ་ཟླ་བ་ཚེ་རིང་དང་མི་རིགས་དགེ་འོས་སློབ་གླིང་གི་ཧྲུའུ་ཅི་གཞོན་པའམ་ཡོན་ཀྲང་ཁྲེན་ཡུང་ལིང་གཉིས་མགོ་རྩོམ་མཛད་སྒོར་ཞུགས་པར་མ་ཟད་གཏམ་བཤད། ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཚེ་རིང་འབུམ་མགོ་རྩོམ་མཛད་སྒོར་ཞུགས།
ཐེངས་འདིའི་གསོ་སྦྱོང་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བྱེད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་གཙོ་བོར་འཛིན་པ། མཐོ་རིམ་སློབ་གྲྭའི་བཟང་ཆ་འདོན་སྤེལ་བྱེད་པ། ཞིང་ཆེན་ཡོངས་ཀྱི་མི་རིགས་གྲངས་ཉུང་གི་སྐད་ཡིག་ལོ་ཙཱའི་བྱ་བར་ཞབས་འདེགས་ཞུ་བ། མི་རིགས་གྲངས་ཉུང་གི་སྐད་ཡིག་ལོ་ཙཱ་པའི་ལས་སྒོའི་ནུས་པ་དང་རིགས་པའི་གཞུང་ལུགས་ཀྱི་ཆུ་ཚད་སྔར་བས་མཐོར་འདེགས་པ། “གནས་བཞི”འཛུགས་སྐྲུན་དང་གྲོང་གསེབ་དར་སྤེལ་གཏོང་བའི་འཐབ་ཇུས་ལ་རོགས་འདེགས་བཅས་བྱས་ཏེ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་རིག་སྟོབས་ཀྱི་འདེགས་སྐྱོར་འདོན་སྤྲོད་བྱེད་པ་བརྗོད་གཞི་གཙོ་བོར་བཟུང་ནས་སྒྲུབ་པ་ཞིག་རེད།
གསོ་སྦྱོང་ཉིན་བཞིའི་རིང་ལ། ཞིང་ཆེན་ནང་ཁུལ་གྱི་འབྲེལ་ཡོད་ཁྱབ་ཁོངས་ཀྱི་ཆེད་མཁས་པ་དང་དགེ་རྒན་ཆེན་མོ་རྒྱ་ཡེ་བཀྲ་བྷོ་དང་ལྕགས་ཐར་རྒྱལ། སྟོབས་ལྡན། འབའ་སྟོད་ཚེ་དབང་རྡོ་རྗེ་སོགས་གདན་དྲངས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་དང་། ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ཕུལ་བྱུང་སྲུང་སྐྱོབ་དང་རྒྱུན་འཛིན། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟེན་པོར་འཛུགས་པའི་མཐོང་ལམ་ནས་མི་རིགས་སྐད་ཡིག་རྒྱུན་འཛིན་དང་སྲུང་སྐྱོང་བྱེད་པ། རྒྱ་བོད་ཡིག་སྒྱུར་གཞུང་ལུགས་དང་ཐབས་རྩལ། རྒྱ་བོད་ཡིག་སྒྱུར་མཉེན་ཆས་བེད་སྤྱོད་སོགས་དེང་སྐབས་བོད་ཀྱི་སྐད་ཡིག་ལས་དོན་དང་ཡིག་སྒྱུར་ལས་རིགས་ཐད་ཀྱི་ཁ་ཚ་དགོས་གཏུགས་སུ་གྱུར་པའི་གནད་དོན་ལ་ཆེད་དུ་དམིགས་ནས་སློབ་ཁྲིད་གནང་། །