ཀྲུང་གོ་བོད་ཀྱི་དྲ་བ།

ལི་ཞའོ་ནན་གྱིས་མགོ་ལོག་ཁུལ་དུ་རྟོག་ཞིབ་གནང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2023-03-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་ཚོགས་འདུའི་དགོངས་དོན། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་དགོངས་དོན་བཅས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཁེ་ལས་ལ་རོགས་སྐྱོར་བྱེད་པའི་ལས་དོན་སོ་སོའི་བླང་བྱ་དོན་འཁྱོལ་བྱ་ཆེད། ཟླ3པའི་ཚེས13ཉིན་ནས་ཚེས14ཉིན་བར། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལི་ཞའོ་ནན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དུ་སོང་ནས་ཁེ་ལས་ལ་རོགས་སྐྱོར་བྱེད་པའི་དཔྱིད་རླུང་འགུལ་སྐྱོད་ཐད་ཀྱི་བྱ་བར་རྟོག་ཞིབ་གནང་།

ལི་ཞའོ་ནན་འཁོར་དང་བཅས་པ་སྔ་གཞུག་ཏུ་དགའ་བདེ་རྫོང་གངས་རི་ཞིང་ཕྱུགས་ཚན་རྩལ་འཕེལ་རྒྱས་ཚད་ཡོད་ཀུང་སི་དང་མཚོ་སྔོན་ཀྲུང་ལེ་སྐྱེ་དངོས་ཚན་རྩལ་ཚད་ཡོད་ཀུང་སི་སོགས་ཁེ་ལས་སུ་བསྐྱོད་དེ་ཐོན་སྐྱེད་ཚོང་གཉེར་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གནང་བ་མ་ཟད། མིག་སྔའི་ཁེ་ལས་ཀྱི་འཕྲད་པའི་གནད་དོན་ལ་དམིགས་ནས་ཡུལ་དངོས་སུ་མཐུན་སྦྱོར་བྱས་ཏེ། ཞིང་ཆེན་ནགས་རྩྭ་ཅུའུ་ཡིས་སྣེ་ཁྲིད་དང་། འབྲེལ་ཡོད་སྡེ་ཁག་དང་མཉམ་འབྲེལ་བྱས་ཏེ་ཁེ་ལས་ཀྱིས་ལྗང་མདོག་འཕེལ་རྒྱས་དང་ཐོན་རྫས་སྤུས་ཚད་མཐོར་འདེགས་སོགས་ཀྱི་ཕྱོགས་ནས་རྒྱབ་སྐྱོར་ཆེན་པོ་གནང་རྒྱུ་ཡིན་པར་ཐག་བཅད། ལི་ཞའོ་ནན་གྱིས་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ཚན་རྩལ་གྲུབ་འབྲས་ཀྱི་ཁྱབ་གདལ་དང་བེད་སྤྱོད་ལག་བསྟར་བྱེད་པར་རྒྱབ་སྐྱོར་བྱེད་དགོས་པ་དང་། ཞིབ་འཇུག་གསར་སྤེལ་ཐད་ཀྱི་དངུལ་གཏོང་ཇེ་མང་དུ་བཏང་ནས། ཐོན་རྫས་གསར་བའི་གསར་སྤེལ་ཇེ་མགྱོགས་སུ་བཏང་བ་བརྒྱུད། ཐོན་ཁུངས་དང་དངུལ་རྩ། མ་རྩ་བཅས་ཀྱི་ཚན་རིག་ནུས་མཐོའི་འགྱུར་ལྡོག་མངོན་འགྱུར་བྱས་ཏེ། འགྲད་རྩོད་ནུས་ཤུགས་ལ་ཤུགས་སྣོན་དགོས། འཕེལ་རྒྱས་དམིགས་འབེན་དང་ལས་འགན་བྱེད་ཐབས། ལས་གནས་འགན་འཁྲི་སོགས་མཉམ་འདྲེས་གང་ལེགས་བྱས་ཏེ། ཁེ་ལས་རིག་གནས་ཀྱི་འཛུགས་སྐྲུན་ལ་ཤུགས་སྣོན་དགོས། འཇོན་མི་འདྲེན་པ་དང་འཇོན་མི་བསྡུ་བར་ཤུགས་བསྣན་ནས། འཇོན་མི་འཕེལ་རྒྱས་ཀྱི་ཁོར་ཡུག་ཇེ་ལེགས་སུ་གཏོང་དགོས་ཤིང་། སྟོབས་ཤུགས་ལྡན་པའི་འཇོན་མིའི་འགན་སྲུང་འདོན་སྤྲོད་བྱེད་དགོས་ཞེས་ནན་གྱིས་བསྟན།

རིག་གནས་གསར་གཏོད་ཐོན་རྫས་ཞིབ་འཇུག་གསར་སྤེལ་ཐོན་སྐྱེད་སོགས་ཁེ་ལས་ཆུང་གྲས་སུ་རྟོག་ཞིབ་གནང་སྐབས། ལི་ཞའོ་ནན་གྱིས“ཕུལ་བྱུང་དང་ཁྱད་ལྡན། ཆེད་ཁེ”བཅས་ཀྱི་འཕེལ་རྒྱས་ལམ་བུར་བསྙེག་ཏེ། གསར་རྩོམ་རང་བཞིན་གྱི་གསར་སྤེལ་རྒྱུན་འཁྱོངས་དང་། གསར་རྩོམ་རང་བཞིན་གྱི་བཟོ་རྩལ་རྒྱུན་འཛིན་བྱས་ཏེ། སྤུས་ལེགས་ཅན་དང་ཁྱད་ལྡན་ཅན་གཏིང་ཟབ་དུ་གཏོང་བར་སྐུལ་འདེད་བྱས་ནས། ཁེ་ལས་ཆུང་གྲས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་སྐྱོར་བྱེད་དགོས་ཞེས་བསྟན།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།