ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་གྱིས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་སྐུལ་འདེད་བརྟན་པོ་བཏང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2022-10-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོ་ནི་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དངོས་སུ་བཙུགས་ནས་ལོ་འཁོར་གཅིག་འགོར་བ་ཡིན་ལ། ལོ་གཅིག་གི་རིང་ལ། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མགོ་ཁྲིད་སྟོབས་ལྡན་འོག གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་རྨང་གཞི་ལེགས་པོ་འདིང་བ་ནས་སྤུས་ཚད་མཐོར་འདེགས་ཀྱི་ཕྱོགས་སུ་བསྒྱུར་བ་དང་། ལམ་ལུགས་འཛུགས་སྐྱོང་ནས་སྲ་བརྟན་འཐུས་ཚང་ཕྱོགས་སུ་བསྒྱུར་བར་འབད་པ་ཆེན་པོས་སྐུལ་འདེད་བྱས་ཏེ། སྐྱེ་ཁམས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བའི་བགྲོད་ལམ་རྒྱ་སྐྱེད་པར་ལྷུར་བླངས། 

རྒྱལ་ཁབ་སྤྱི་གླིང་དོ་དམ་ལམ་ལུགས་མུ་མཐུད་དུ་འཐུས་ཚང་དུ་བཏང་བ་དང་། རྒྱལ་ཁབ་སྤྱི་གླིང་དོ་དམ་ལམ་སྲོལ་སྒྲིག་འཛུགས་ལ་སྐུལ་འདེད་གཏོང་བ་ལྷུར་ལེན་པའི་རྨང་གཞིའི་སྟེང་། སྲིད་ཇུས་གཅིག་གྱུར་དང་འཆར་འགོད་གཅིག་གྱུར། སོ་སོར་དོ་དམ། སོ་སོར་འགན་འཁུར་གྱི“གཅིག་གྱུར་གཉིས་དང་སོ་སོར་གཉིས”ཀྱི་བྱ་བའི་ལམ་སྲོལ་ལྟར། ཅུའུ་དང་ཞིང་ཆེན(ས་ཁུལ)མཉམ་འགུལ་ལམ་སྲོལ་འཛུགས་པ་དང་། སྔར་ལས་ལྷག་པར་ལས་དོན་སྒྲུབ་དབང་དང་འགན་འཁྲིའི་དབྱེ་བ་གསལ་པོར་བཟོ་བ། མཐུན་སྦྱོར་མཉམ་འགུལ་དང་འཕྲེད་ཕྱོགས་ཁོང་ཆུབ། གཞུང་ངོས་མཉམ་འདྲེས་ཀྱི་མཉམ་སྐྲུན་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ། བཅུད་འདུས་སྟབས་བདེ་དང་གཅིག་གྱུར་ཕན་ཆེའི་རྒྱལ་ཁབ་སྤྱི་གླིང་ལམ་ལུགས་འཛུགས་སྐྱོང་ལྷུར་བླངས། 

རྒྱལ་ཁབ་སྤྱི་གླིང་སྒྲིག་ཁྲིམས་སྲིད་ཇུས་མ་ལག་མུ་མཐུད་དུ་འཐུས་ཚང་དུ་གཏོང་བ་དང་། སྤྱི་ཁོག་འཆར་འགོད་འཐུས་ཚང་དུ་གཏོང་བ། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྤྱི་ཁོག་འཆར་འགོད་བཟོ་བཅོས་བྱེད་པ། བྱེད་ནུས་ཁུལ་དབྱེ་དང་ཁྱབ་ཁོངས་སྙོམ་སྒྲིག་ལེགས་སྒྱུར་བྱེད་པ། རྨ་ཆུའི་མགོ་ཁུངས་ཡུའེ་ཀུའུ་ཙོན་ལེ་དང་འབྲི་ཆུའི་མགོ་ཁུངས་སྐུ་བླ་མདའ་མདུང་། འདམ་ཆུ་ཁུལ་བཅས་ཆ་ཚང་རྒྱལ་ཁབ་སྤྱི་གླིང་ཁྱབ་ཁོངས་སུ་བསྡུས་པ། རི་སྐྱེས་སྲོག་ཆགས་གཙོ་བོའི་གནས་ཡུལ་ཚང་མ་སྲོག་ཤིང་སྲུང་སྐྱོང་ཁུལ་དུ་བགོས། ཁུལ་བགོས་རྒྱ་ཁྱོན་ཚོད་ལྟའི་ས་ཚིགས་སྐབས་ཀྱི་སྤྱི་ལེ་གྲུ་བཞི་མ་ཁྲི12.31ནས་སྤྱི་ལེ་གྲུ་བཞི་མ་ཁྲི19.07བར་རྒྱ་བསྐྱེད། གློག་རྡུལ་ཕྱོགས་ཚད་ས་མཚམས་རྟོག་འབྱེད་དང་ཡུལ་དངོས་ས་མཚམས་རྟོག་འབྱེད། ས་མཚམས་རྡོ་རིང་འཛུགས་སྐྲུན་བཅས་ལག་བསྟར་བྱས་ཏེ། 《གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ས་མཚམས་རྟོག་འབྱེད་རྟགས་སློང་ལས་གཞི་ལག་བསྟར་ཇུས་གཞི》དང་ས་མཚམས་རྟོག་འབྱེད་རྟགས་སློང་ས་བཀྲ་བཟོས་པ་ཐོག་མའི་ལེགས་འགྲུབ་བྱུང་། སྲིད་ཇུས་སྒྲིག་ཁྲིམས་མ་ལག་འཐུས་ཚང་དུ་གཏོང་བ་དང་། 《གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ལམ་སྲོལ(ཚོད་ལྟ)》དཔྱད་དཔག་བྱ་བ་སྤེལ་བ། 《གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ལས་གཞི་དོ་དམ་བྱེད་ཐབས》དང《སྐྱེ་ཁམས་བདག་སྐྱོང་སྤྱི་ཕན་ལས་གནས་དོ་དམ་བྱེད་ཐབས》སོགས་ལམ་ལུགས་བྱེད་ཐབས་བཟོ་བཅོས་སྒོས་འཐུས་ཚང་དུ་བཏང་སྟེ། རི་སྐྱེས་སྲོག་ཆགས་དང་བསམ་ཡུལ་ལས་འདས་པའི་གདོང་ཐུག་རྨས་སྐྱོན་བྱུང་བ་ལ་བརྒྱུད་ལམ་མང་པོའི་ཁ་གསབ་ལམ་སྲོལ་བཙུགས། སྐྱེ་ཁམས་སྤྱི་ཕན་ཁྲིམས་འཛིན་སྲུང་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བ་དང་། སྲིད་འཛིན་ཁྲིམས་བསྟར་དང་ཉེས་དོན་ཁྲིམས་འཛིན། སྤྱི་ཕན་ཞུ་གཏུག་ཞིབ་དཔྱོད། དམངས་དོན་སྲིད་འཛིན་ཞུ་གཏུག་ལྟ་རྟོག་བཅས་ནུས་ལྡན་གྱིས་སྦྲེལ་ཏེ། སྔར་ལས་ལྷག་པར་ངོས་མང་པོ་དང་བསླངས་གཟུགས་ཅན་གྱི་སྐྱེ་ཁམས་སྤྱི་ཕན་སྲུང་སྐྱོང་མ་ལག་བསྐྲུན། 

སྐྱེ་ཁམས་མ་ལག་སྲུང་སྐྱོང་སླར་གསོ་ལ་མུ་མཐུད་དུ་སྐུལ་འདེད་བཏང་བ་དང་། གཙང་གསུམ་འབྱུང་ཡུལ་གྱི་རི་ཆུ་ནགས་ཞིང་དང་། མཚེའུ་རྩྭ་ཐང་། བྱེ་མ་འཁྱག་རོམ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་སླར་གསོ་ལ་ཕྱོགས་ཡོངས་ནས་ཤུགས་བསྣན་པ། རྒྱལ་ཁབ་མངའ་ཁོངས་སྙོམ་སྒྲིག་གསུམ་རྨང་གཞི་སྒོས། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ཁྱབ་ཁོངས་ཀྱི་ནགས་ས་དང་རྩྭ་ས། རླན་ས་སོགས་རང་བྱུང་ཐོན་ཁུངས་ཀྱི་དབང་གཏོགས་དང་ཁྱབ་ཁོངས། རྒྱ་ཁྱོན་སོགས་ཀྱི་གནས་ཚུལ་ལ་ཕྱོགས་ཡོངས་ནས་བརྟག་དཔྱད་གསལ་པོར་བྱས་པ། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་དམངས་ཡོངས་ལ་དབང་བའི་རང་བྱུང་ཐོན་ཁུངས་རྒྱུ་ནོར་བདག་དབང་མངགས་བཅོལ་ཚབ་སྒྲུབ་ལམ་སྲོལ་ཚོད་ལྟའི་ས་ཚིགས་སྤྱོད་མགོ་བརྩམས་ནས་ལག་བསྟར་བྱས་པ། གཙང་གསུམ་འབྱུང་ཡུལ་གཙོ་གནད་སྐྱེ་ཁམས་སླར་གསོ་བཟོ་སྐྲུན་ལག་བསྟར་ཇེ་མགྱོགས་སུ་བཏང་བ། རིག་ནུས་སྐྱེ་ཁམས་ལྟ་རྟོག་མ་ལག་བསྐྲུན་རྒྱུ་ལྷུར་བླངས་པ། སྐྱེ་ཁམས་གྲངས་འཛིན་ཆེན་མོའི་ལྟེ་གནས་ལས་རིམ་གསུམ་པའི་འཛུགས་སྐྲུན་ལས་གཞི་ལག་བསྟར་བྱས་པ། སྐྱེ་ཁམས་གྲངས་འཛིན་ཆེན་མོའི་སྤྲིན་སྤྱི་སྟེགས་དང་སྐྱེ་ཁམས་རིག་ནུས་སྤྱི་སྟེགས་བཙུགས་པ། རང་བྱུང་ཐོན་ཁུངས་རྒྱུ་ནོར་དང་སྐྱེ་ཁམས་བདག་སྐྱོང་། སྲིད་འཛིན་ཁྲིམས་བསྟར། སྐྱེ་ཁམས་རིན་ཐང་དཔྱད་དཔག་བཤམས་པ་དང་དབྱེ་ཞིབ་སོགས་དོ་དམ་མ་ལག་བཙུགས། 

མཉམ་སྐྲུན་མཉམ་སྡོམ་མཉམ་སྤྱོད་ལ་མུ་མཐུད་དུ་སྐུལ་འདེད་བཏང་བ་དང་། རང་བྱུང་ཐོན་ཁུངས་དམིགས་བསལ་གཉེར་སྐྱོང་ཆོག་མཆན་ལམ་ལུགས་འཐུས་ཚང་བཙུགས་པ། དམིགས་བསལ་གཉེར་སྐྱོང་ཆོག་མཆན་ལས་གཞིའི་རེའུ་མིག་ལེགས་སྒྱུར་བྱས་པ། སྐྱེ་ཁམས་རོལ་མྱོང་ལས་གཞི24ཡི་སྐྱེ་ཁམས་མགྲོན་བཅར་ཤོང་ཚད་ཚན་རིག་དང་མཐུན་པར་ཚོད་རྩིས་བྱས་པ། སྐྱེ་ཁམས་རོལ་མྱོང་དང་ཁོར་ཡུག་སློབ་གསོ་སོགས་དམིགས་བསལ་གཉེར་སྐྱོང་ཆོག་མཆན་བྱེད་སྒོར་གོ་རིམ་ལྡན་པས་སྐུལ་འདེད་བཏང་བར་མ་ཟད། “ཁྱིམ་གཅིག་ལས་རྐང་གཅིག”གི་སྐྱེ་ཁམས་བདག་སྐྱོང་སྤྱི་ཕན་ལས་གནས་འཛུགས་པར་རིམ་བཞིན་སྙོམ་སྒྲིག་ལེགས་སྒྱུར་བྱས་པ། དགོས་མཁོ་ལྟར་ལས་གནས་འཛུགས་པ་དང་། ལས་གནས་ལྟར་ལས་མི་བསྡུ་བ། ལས་གནས་ལྟར་ཁ་གསབ་ལེན་པ། གོ་རིམ་ལྡན་པར་ལས་གནས་ལས་འབུད་པའི་དོ་དམ་ལམ་སྲོག་འཐུས་ཚང་དུ་བཏང་སྟེ། སྐྱེ་ཁམས་སྲུང་སྐྱོང་དང་སྐྱེ་ཁམས་འཕེལ་རྒྱས། འཚོ་བའི་ལེགས་བཅོས་བཅས་ཀྱི་སྤེལ་རེས་ལེགས་པོ་མུ་མཐུད་དུ་མངོན་འགྱུར་བྱུང་། ། 

རྩོམ་སྒྲིག་པ། : གསང་བདག་རྒྱལ།