ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ནགས་ཚལ་ལ་དོ་སྣང་བྱེད་པ་སྟེ་ལྷད་མེད་མཁར་གྲོང་ནི་བདེ་འཇགས་ཀྱི་གནས་མལ་ཡིན་ཞེས་པ་བརྗོད་སྙིང་ཡིན་པའི་བྱ་འགུལ་ཟླ7པའི་ཚེས25ཉིན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་ནས་སྤེལ་མགོ་བརྩམས། རྒྱལ་ཡོངས་སྲིད་གྲོས་མི་དམངས་ཐོན་ཁུངས་ཁོར་ཡུག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ནའེ་ཝེ་གོ་བྱ་འགུལ་དེར་ཞུགས་ནས་ཞུ་ཚིག་ཕུལ། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་བྱ་འགུལ་ལ་ཞུགས་ནས་གཏམ་བཤད་སྤེལ། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཞིང་ཆེན་ནགས་ཚལ་དོ་སྣང་བྱ་འགུལ་རྩ་འཛུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཀྲང་ཝུན་ཁུའེ་ཡིས་མགོ་འཛིན་བྱས།
ནགས་ཚལ་ལ་དོ་སྣང་བྱེད་པ་སྟེ་ལྷད་མེད་མཁར་གྲོང་ནི་བདེ་འཇགས་ཀྱི་གནས་མལ་ཡིན་ཞེས་པ་བརྗོད་སྙིང་ཡིན་པའི་བྱ་འགུལ་གྱི་དམིགས་ཡུལ་ནི་སྤྱི་ཚོགས་ལས་རིགས་སོ་སོའི་ལྷད་མེད་འཕེལ་རྒྱས་ཀྱི་ཐུན་མོང་ལྟ་ཚུལ་གཅིག་བསྡུས་དང་། སྐྱེ་ཁམས་དཔལ་ཡོན་གྱི་འཛུགས་སྐྲུན་ལ་ཟབ་ཞུགས་བྱས་ཏེ། མཁར་གྲོང་གི་ལྷད་མེད་ཐཱན་ཉུང་གི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་རེད། ནེ་ཝེ་གོ་ཡིས་ཞུ་ཚིག་འབུལ་སྐབས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་སྐྱེ་ཁམས་སྲུང་སྐྱོབ་བྱ་བར་མཐོང་ཆེན་བྱེད་པ་དང་། མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པ་ནི་རྒྱལ་ཁབ་ཀྱི་དོན་ཆེན་ཡིན་པའི་མཛུབ་སྟོན་གལ་ཆེན་བཏོན་ཡོད། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། བློ་ཐག་རྦད་ཆོད་ཀྱིས་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཆབ་སྲིད་འགན་འཁྲི་ཆེན་མོ་ཕྲག་ཏུ་བླངས་ནས་རྒྱལ་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་གྱི་སྔོན་སྐྱོད་དཔེ་སྟོན་ས་ཁུལ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་ནས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། ནགས་ཚལ་དོ་སྣང་གི་བྱ་འགུལ་ནི་རྒྱལ་ཡོངས་སྲིད་གྲོས་ཀྱི་མི་གྲངས་ཐོན་ཁུངས་ཁོར་ཡུག་ཨུ་ཡོན་ལྷན་ཁང་དང་རྒྱལ་ཁབ་ནགས་རྩྭ་ཅུའུ་སོགས་པུའུ་ཨུས་གྲོས་འདོན་བྱས་ཏེ་སྤེལ་བའི་སྤྱི་བའི་བྱ་འགུལ་ཅིག་ཡིན་པ་དང་། དམིགས་ཡུལ་ནི་ནགས་ཚལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་སྐུལ་འདེད་གཏོང་བའི་ཆེད་རེད། མཚོ་སྔོན་ཞིང་ཆེན་གྱིས་ནགས་ཚལ་ལ་དོ་སྣང་བྱེད་པའི་བྱ་འགུལ་རྩ་འཛུགས་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཁབ་ཀྱི་ཆེ་ཕྱོགས་ལ་ཞབས་འདེགས་ཞུ་བ་རྒྱུན་འཁྱོངས་དང་ཤུགས་ཆེན་པོས་བྱ་འགུལ་གྱི་ཕན་ནུས་མཐོར་འདེགས་བྱེད་པ། གསར་གཏོད་བྱ་འགུལ་གྱི་རྟེན་དང་སྟེགས་བུ་རྒྱུན་འཁྱོངས་བྱས་ཏེ། གཏིང་ཟབ་དང་ཡུན་རིང་དུ་ནགས་ཚལ་ལ་དོ་སྣང་བྱེད་པའི་བྱ་འགུལ་སྤེལ་ནས། སྐྱེ་ཁམས་དཔལ་ཡོན་དང་མཛེས་པའི་ཀྲུང་གོའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་བྱས་རྗེས་གསར་བ་སྔར་ལས་ཆེན་པོ་འཇོག་དགོས།
མགོན་པོ་བཀྲ་ཤིས་ཀྱིས་གཏམ་བཤད་སྤེལ་སྐབས་བཤད་རྒྱུར། ཐེངས་འདིའི་བརྗོད་སྙིང་བྱ་འགུལ་ནི་ང་ཚོས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པར་གཏིང་ཟབ་ཏུ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་བར་བསུ་མ་བྱེད་པའི་དོན་སྙིང་ཆེན་པོ་ལྡན་པའི་བྱ་འགུལ་ཞིག་ཡིན། མཚོ་སྔོན་ཞིང་ཆེན་གྱིས་ཉིས་སྟོང་ཉེར་གཅིག་ལོར་ནགས་ཚལ་ལ་དོ་སྣང་བྱེད་པའི་བྱ་འགུལ་རྩ་འཛུགས་ཨུ་ཡོན་ལྷན་ཁང་དངོས་སུ་བཙུགས་པ་དང་། ལོ་གཅིག་ལྷག་གི་རིང་ལ། ཁོངས་གཏོགས་ལས་ཁུངས་སོ་སོའི་ཐུན་མོང་གི་འབད་བརྩོན་འོག ཆེད་དོན་བྱ་འགུལ་རབ་དང་རིམ་པ་རྩ་འཛུགས་བྱས་ཤིང་། ནུས་ཤུགས་ལྡན་པའི་སྒོ་ནས་མཚོ་སྔོན་གྱི་ནགས་ཚལ་དང་རྩྭ་ཐང་། བརླན་ས། གཙང་ཆབ་བཅས་ཀྱི་སྲུང་སྐྱོབ་ཕན་འབྲས་དྲིལ་སྒྲོག་དང་འགྲེམ་སྟོན་བྱས། མཚོ་སྔོན་གྱི་སྐྱེ་ཁམས་གོ་གནས་གལ་ཆེན་ཡིན་པ་དང་སྐྱེ་ཁམས་འགན་འཁྲི་གལ་ཆེན་ཡིན། ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་ཀྱི་དོན་ཆེན་གྱི་འགན་འཁྲི་ཆེན་པོ་ཡིད་ལ་དམ་པོར་འཛིན་པ་དང་། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་བཀོལ་ནས་ནགས་ཚལ་ལ་དོ་སྣང་བྱེད་པའི་བྱ་འགུལ་ལ་སྣེ་ཁྲིད་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་དྲང་ཕྱོགས་ནུས་ཚད་དྲག་པོ་རྒྱ་ཆེར་གཅིག་སྡུད་བྱས་ཡོད། མཚོ་སྔོན་ཞིང་ཆེན་གྱི་ནགས་ཚལ་ལ་དོ་སྣང་བྱེད་པའི་བྱ་འགུལ་རྩ་འཛུགས་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་གྱི་དོན་དངོས་གནས་ཚུལ་ལ་དམ་པོར་འབྲེལ་ཏེ། ནགས་ཚལ་ལ་དོ་སྣང་བྱེད་པའི་བྱ་བ་སྣ་ཚོགས་ལ་གཅིག་གྱུར་བཀོད་འདོམ་དང་འཆར་འགོད་བྱས་ནས་ཧུར་ཐག་སྒོས་ནགས་ཚལ་ལ་དོ་སྣང་བྱེད་པའི་བྱ་འགུལ་གྱི་དོན་དངོས་ཕན་འབྲས་ཇེ་དྲག་ཏུ་བཏང་ཡོད། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་གྲོས་ཀྱིས་སྲིད་གྲོས་ཨུ་ཡོན་གྱི་ཁྱད་སྟོབས་འདོན་སྤེལ་བྱས་ཤིང་། རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པ་སོགས་བརྗོད་དོན་གལ་ཆེན་དང་མི་དམངས་མང་ཚོགས་ཀྱི་ཁེ་ཕན་དངོས་ལ་འབྲེལ་བའི་སྐྱེ་ཁམས་གནད་དོན་ལ་དམིགས་ནས། ཧུར་ཐག་སྒོས་བློ་འདོན་ཇུས་འབུལ་བྱས་ཏེ་སྤུས་ཚད་མཐོ་བའི་སྒོ་ནས་ནགས་ཚལ་ལ་དོ་སྣང་བྱེད་པའི་བྱ་འགུལ་ལ་སྐུལ་འདེད་གཏོང་བར་ཐུན་མོང་གི་ལྟ་ཚུལ་བཟང་བོ་གཅིག་སྡུད་བྱས་ཡོད་ཟེར།
བརྗོད་སྙིང་བྱ་འགུལ་དེ་ཞིང་ཆེན་གྱི་ནགས་ཚལ་ལ་དོ་སྣང་བྱེད་པའི་བྱ་འགུལ་རྩ་འཛུགས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྲིད་གྲོས་གཞུང་སྒྲུབ་ཁང་ཐིན་གྱིས་གཙོ་སྒྲུབ་བྱས་པ་དང་། ཁྲི་ཀ་རྫོང་དང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་གིས་སྒྲུབ་འགན་ཁུར་ཡོད། ཞིང་ཆེན་གྱི་ནགས་ཚལ་ལ་དོ་སྣང་བྱེད་པའི་བྱ་འགུལ་རྩ་འཛུགས་ཨུ་ཡོན་ལྷན་ཁང་གི་ཁོངས་གཏོགས་ལས་ཁུངས་སོ་སོ་དང་། ཞིང་ཆེན་སྲིད་གྲོས་གཞུང་སྒྲུབ་ཐིན། ཆེད་དོན་ཨུ་ཡོན་ལྷན་ཁང་སོ་སོ། དམངས་གཙོ་ཏང་ཁག་སོ་སོའི་ཏང་ཨུ་དང་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། གྲོང་ཁྱེར་དང་ཁུལ་སོ་སོ། རྫོང་དང་ས་ཁུལ་སོ་སོའི་སྲིད་གྲོས་ཀྱི་འགན་ཁུར་བློ་མཐུན་བཅས་བྱ་འགུལ་ལ་ཞུགས། མགོ་རྩོམ་པའི་མཛད་སྒོའི་སྟེང་། མཚོ་ལྷོ་ཁུལ་ཨུ་དང་ཁྲི་ཀ་རྫོང་ཨུ་དང་རྫོང་སྲིད་གཞུང་གི་འགན་ཁུར་བློ་མཐུན་གཙོ་བོ་བཅས་ཀྱིས་སོ་སོར་ཞུ་ཚིག་ཕུལ་བ་དང་། སྐྱེ་ཁམས་སྲུང་སྐྱོབ་བྱ་བའི་གནས་ཚུལ་མཚམས་སྦྱོར་བྱས། བློ་མཐུན་གསུམ་གྱིས་སོ་སོར་གཞི་རིམ་སྲིད་གྲོས་དང་དམངས་གཙོ་ཏང་ཁག སྲིད་གྲོས་ཨུ་ཡོན་བཅས་ཀྱི་ཚབ་བྱས་ཏེ་བརྗེ་རེས་གཏམ་བཤད་སྤེལ། བྱ་འགུལ་མགོ་རྩོམ་པའི་མཛད་སྒོ་མཇུག་སྒྲིལ་རྗེས། ཚོགས་ཞུགས་མི་སྣ་དག་གིས་རྨ་ཆུའི་སྟོད་བརྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་བཅོས་སྐྱོང་ཞིང་སའི་ཕྱོགས་བསྡུས་ལས་གཞིར་རྟོག་ཞིབ་བྱས་པ་དང་། ཁྲི་ཀའི་རྒྱལ་ཁབ་ས་གཤིས་སྤྱི་གླིང་ལ་ལྟ་སྐོར་བྱས། །