ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དབྱིན་པའེ་སྔ་གཞུག་ཏུ་ཞིང་ཆེན་གྲོང་གསེབ་དར་སྤེལ་ཅུའུ་དང་ཞིང་ཆེན་ཆུ་བེད་ཐིང་། ཞིང་ཆེན་གནམ་གཤིས་བརྟག་དཔྱད་ཅུའུ་བཅས་ལ་སོང་སྟེ་བྱ་བར་རྟོག་ཞིབ་བྱས། ཁོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞིང་གསུམ་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་དགོས་པ་དང་། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་ནན་ཏན་སྒོས་དངོས་འབེབས་བྱས་ཏེ། འགན་འཁྲི་གཙོ་བོ་དང་ལས་རིགས་གཙོ་བོ་གཅིག་སྡུད་བྱེད་པ་དང་། ཞབས་ཞུའི་ཕན་ནུས་མཐོར་འདེགས་སུ་བཏང་ནས། ཞིང་གསུམ་བྱ་བ་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བར་འདེགས་ཤུགས་ཆེན་པོ་འདོན་སྤྲོད་བྱེད་པ་དང་། གཡུར་དུ་ཟ་བའི་གྲུབ་འབྲས་བླངས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་དགོས་ཞེས་བསྟན།
ཞིང་ཆེན་གནམ་གཤིས་བརྟག་དཔྱད་ཁང་དང་གནམ་གཤིས་གཟུགས་རིས་ལྟེ་གནས། གནམ་གཤིས་ཚན་རིག་ཞིབ་འཇུག་ཁང་སོགས་སུ་དབྱིན་པའེ་ཡིས་གནམ་གཤིས་སྔོན་བརྡ་གཏོང་བའི་ཆ་འཕྲིན་སྒྲོག་པ་དང་། ལས་རིགས་གནམ་གཤིས་ཞབས་ཞུ་སྒྲུབ་པ། སྐྱེ་ཁམས་གནམ་གཤིས་སོགས་ཀྱི་བྱ་བ་སྒྲུབ་པའི་གནས་ཚུལ་ལ་ལྟ་ཞིབ་བྱས། ཁོས་གནམ་གཤིས་ཀྱིས་ཞིང་ཕྱུགས་ལས་ལ་ཞབས་ཞུ་བསྒྲུབ་པར་ཤུགས་སྣོན་པ་དང་། རིག་སྟོབས་ཞིང་ཕྱུགས་ལས་གནམ་གཤིས་ཞབས་ཞུའི་སྟེགས་བུ་འཛུགས་སྐྲུན་བཟང་བོ་བྱེད་པ། གནམ་གཤིས་ཀྱི་གནོད་འགོག་གནོད་སེལ་གྱི་འགོག་ར་དང་པོ་སྲ་བརྟན་དུ་བཏང་ནས། ཞོད་འགོག་དང་ཆུ་ལོག་འགོག་པ། སེ་ར་འགོག་པ། ཐན་པ་འགོག་པ། གྲངས་ངར་འགོག་པ་སོགས་ཀྱི་བྱ་བར་ནུས་ལྡན་ངང་ཞབས་ཞུའི་འགན་སྲུང་འདོན་སྤྲོད་བྱེད་དགོས་ཞེས་བསྟན། །