ཀྲུང་གོ་བོད་ཀྱི་དྲ་བ།

རྨ་ཆུ་རྫོང་གིས་ཁྲིམས་འགལ་བྱ་བར་རྡུང་རྡེག་ནན་མོ་བྱས་ཏེ་ཁྲིམས་སྐྱོང་ཁོར་ཡུག་གསར་སྐྲུན་ཐད་གྲུབ་འབྲས་མངོན་གསལ་བླངས་པ།

ཡོང་ཁུངས། : ཀན་ལྷོའི་གསར་འགྱུར།     སྤེལ་དུས། : 2020-01-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་དུ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཛུབ་སྟོན་འོག རྨ་ཆུ་རྫོང་ཏང་ཨུ་དང་སྲིད་གཞུང་གིས་རྫོང་ཡོངས་ཀྱི་དབུལ་ཐར་བྱ་བ་མངོན་འགྱུར་ཡོང་བ་དང་། རྨ་ཆུ་རྫོང་ནི་ཞིང་ཆེན་གསུམ་གྱི་འབྲེལ་མཚམས་སུ་གནས་པས་སྤྱི་ཚོགས་ཁོར་ཡུག་གི་གནས་བབ་རྙོག་འཛིང་ཡིན་ལ། རྒྱལ་སྐུག་ཤོ་རྒྱག་བྱེད་པ་རྒྱུན་མི་ཆད་པའི་སྣང་ཚུལ་དངོས་ལ་གཞིགས་ཏེ། ཞིང་ཆེན་དང་ཁུལ་རིམ་པའི་ནག་སེལ་གཤེད་བཅོམ་བྱ་བའི་བླང་བྱ་དང་། ཁྲིམས་འགལ་དང་དུས་འགྱངས་འཕྲུལ་སྒུལ་འཁོར་རིགས་རྩ་མེད་དུ་གཏོང་བ། རྒྱལ་ཁབ་སྤྱི་བདེ་ལས་ཁུངས་ཀྱི་ཁྲིམས་འགལ་མེ་མདའ་དང་འགད་རྫས་ཀྱི་རིགས་གཅིག་སྡུད་རྩ་མེད་གཏོང་བའི་གྲོས་གཞིའི་དགོངས་དོན་སོགས་ལག་བསྟར་དོན་འཁྱོལ་བྱས་ནས་མང་ཚོགས་ཀྱི་ཁེ་ཕན་དང་བདེ་ཐང་སྲུང་སྐྱོང་ལ་ཤུགས་བསྣན་པ་བརྒྱུད་དེ། 2019ལོར་རྫོང་ཡོངས་སུ་ཁྲིམས་འགལ་གྱི་རྒྱལ་སྐུག་པ་དང་། ནག་ཚོང་ལ་ཞུགས་པ། རྒྱུ་ནོར་བརྐུ་འཕྲོག་སོགས་ཀྱི་བྱ་སྤྱོད་ལ་རྡུང་རྡེག་གཏོང་བའི་ཆེད་དོན་ལས་འགུལ་རབ་དང་རིམ་པ་སྤེལ་བས། བྱ་བར་གྲུབ་འབྲས་མངོན་གསལ་བླངས་ཡོད།

རྒྱལ་སྐུག་དང་ནག་ཚོང་གི་བྱ་སྤྱོད་ནི་རྒྱལ་ཁབ་ཀྱི་ཁྲིམས་ལ་འགལ་བ་མ་ཟད་ནང་ཆོས་ཀྱི་དགོངས་དོན་ལའང་འགལ་ཡོད་ལ། མི་སེམས་སྡུག་ལ་སྐུར་བའི་གཞི་རྩ་ཡིན་པ་དང་། འབྲོག་ཁུལ་གྱི་རྟ་ཟོག་བརྐུ་འཕྲོག་དང་འཁོན་རེས་འཛིང་རེས་སོགས་སྤྱི་ཚོགས་བདེ་འཇགས་ཀྱི་དཀྲུགས་ཤིང་ཡིན་པས། རྨ་ཆུ་རྫོང་གི་ཁྲིམས་འགལ་གནད་དོན་སྒྲིག་བཅོས་དང་ཆེད་དོན་རྡུང་རྡེག་བྱ་འགུལ་ཁྲོད་དུ། བསྡོམས་པས་ཁྲིམས་དང་མི་མཐུན་པའི་བོའུ30དང་། འགད་རྫས6 སྨན་ལྕགས་ཁེ400 མདེའུ་རིགས815གཞུང་བཞེས་བཏང་བ་མ་ཟད། སྤྱོད་སྒོ་མེད་པའི་འཕྲུལ་སྒུལ་འཁོར་རིགས350གཙང་སེལ་བྱས་ཤིང་། རླངས་འཁོར་གྱི་སྐོར་ཡིག་རྫུན་མ93དང་། རླངས་འཁོར་གྱི་འཁོར་ཡིག10གཞུང་བཞེས་བཏང་ལ། བརྐུས་པའི་འཁོར་རིགས46ལས་རླངས་འཁོར10རྒྱུ་བདག་ལ་ཕྱིར་ངོ་བསྐོར་བ་རེད།

བྱ་བའི་གྲུབ་འབྲས་འདི་ལས་རྒྱ་ཆེའི་མང་ཚོགས་ལ་རྒྱལ་སྐུག་གི་ནག་ཉེས་དང་། དེས་སྤྱི་ཚོགས་དང་ཁྱིམ་ཚང་། མི་སྒེར་ལ་བཟོས་པའི་གྱོང་གུད་སོགས་གསལ་བཤད་བྱས་ཤིང་། སྤྱི་དམངས་ཚང་མ་ཁྲིམས་འགལ་གྱི་བྱ་སྤྱོད་ངན་པར་མི་ཞུགས་པ་དང་། དུག་རྫས་དང་རིང་བཀྱེད་པ། ནག་ཚོང་གཤེད་སྤྱོད་ལ་མི་ཞུགས་པ་སོགས་ཀྱི་འབོད་སྐུལ་བཏང་བས། མང་ཚོགས་ཀྱི་རང་རྟོགས་འདུ་ཤེས་མཐོ་རུ་བཏང་བ་དང་། སྤྱི་ཚོགས་ལ་ཤུགས་རྐྱེན་ངན་པ་བཟོ་བ་དང་མི་དམངས་ཀྱི་ཚེ་སྲོག་བདེ་ཐང་ལ་གནོད་འཚེ་གཏོང་བའི་ཉེས་དོན་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱ་རྒྱུའི་ཆོད་སེམས་སྲ་བརྟན་དུ་བཏང་སྟེ། སྤྱི་དམངས་ཡོངས་ཀྱིས་ཁྲིམས་བརྩི་བ་དང་ཁྲིམས་སྲུང་བ། ཁྲིམས་ཤེས་པ། ཁྲིམས་དང་ལེན་བཅས་བྱས་ཏེ་བདེ་ཐང་གི་རྨ་ཆུ་གསར་སྐྲུན་ཐད་ལ་དགའ་འོས་པའི་རྣམ་པ་གསར་བ་ཞིག་མངོན་ཡོད་ལ། གཞན་ཡང་རྨ་ཆུ་རྫོང་མི་དམངས་སྲིད་གཞུང་གི་རྒྱལ་སྐུག་ཁྲིམས་འགལ་བྱ་སྤྱོད་ལ་ཆེད་དོན་རྡུང་རྡེག་གཏོང་བའི་ལག་བསྟར་འཆར་ཟིན་གཏན་འབེབས་བྱས་ཏེ། 2020ལོ་ནི་རྨ་ཆུ་རྫོང་གིས་རྒྱལ་སྐུག་གཙོ་གནད་དུ་བཟུང་ནས་ཁྲིམས་འགལ་བྱ་སྤྱོད་ལ་ཆེད་དོན་རྡུང་རྡེག་ནན་མོ་གཏོང་བའི་ལོ་ཞིག་ཏུ་གཏན་ལ་ཕབ་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ལ་སྲུང་སྐྱོང་དང་ཁྲིམས་ལྟར་རྫོང་སྐྱོང་བའི་བྱ་བར་སྔར་ལས་ལྷག་པའི་གྲུབ་འབྲས་གསར་བ་ཞིག་ལེན་པའི་ཆོད་སེམས་བརྟན་པོ་མཚོན་ཡོད།།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།