མདུན་ཤོག- གསར་འགྱུར།- པར་རིས་གསར་འགྱུར།

“3·28”བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་ཉིན་མོར་དྲན་གསོ་གཟབ་རྒྱས་ཞུ།

བོད་ཀྱི་གཏམ་རྒྱུད་རྒྱས་པར་གླེང་། ཕུགས་འདུན་སྟོབས་ཤུགས་བརྒྱུད་སྤྲོད་བྱེད།

བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་55འཁོར་བར་དྲན་གསོ་ཞུ་བའི་མང་ཚོགས་ཀྱི་སྐོར་སྐྱོད་སྒྲོག་འགྲེལ་སྙན་ཞུའི་ཚོགས་འདུ་ཐེངས་དང་པོའི་སྐོར་གྱི་ཟུར་བྲིས།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-03-27 16:38

འདི་ནི་ལྷོ་ཁ་ས་ཁུལ་སྣེ་གདོང་རྫོང་ཁེ་གསུམ་གྲོང་ལྷན་གྱི་མང་ཚོགས་ཀྱིས་རིག་རྩལ་འཁྲབ་སྟོན་ལ་ལྟ་བའི་གནས་ཚུལ་ཡིན་པ།

    ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཚེས་25ཉིན་གྱི་སྔ་དྲོ་བོད་ལྗོངས་སློབ་ཆེན་སློབ་ཁུལ་གསར་པའི་རིག་གཞུང་སྙན་སྒྲོན་ཚོམས་ཆེན་དུ་གཞི་རིམ་གྱི་འཐབ་ཕྱོགས་དང་པོ་ནས་ཡོང་བའི་ལས་བྱེད་མང་ཚོགས་ཀྱིས་སྔ་རྗེས་སུ་སྡིང་ཆའི་ཐོག་འཛེགས་ཏེ་སྙན་ཞུ་ཉན་མཁན་500ལྷག་ཙམ་ལ་ཁོང་ཚོའི་ཕུགས་འདུན་དོན་གཉེར་གྱི་གཏམ་རྒྱུད་ཇི་མ་ཇི་བཞིན་བཤད།

    “ཟིན་བྲིས་ལག་དེབ་འཁྱེར་མཁན་ཧྲུའུ་ཅི”ཞེས་འབོད་པའི་སྦྲ་ཆེན་རྫོང་གླ་ཤི་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་ཨ་སྨིས་གཞི་རིམ་དུ་ལས་དོན་བསྒྲུབས་ནས་ལོ་17བསྡད་པ་དང་ཁོང་ལ་ཟིན་བྲིས་ལག་དེབ་30ལྷག་ཙམ་ཡོད་པའི་ནང་ཉིན་ལྟར་བྱ་བ་ཅི་ཞིག་སྒྲུབ་མིན་དང་མང་ཚོགས་ཚོས་བཏོན་པའི་བསམ་འཆར་སྣ་ཚོགས་བཀོད་ཡོད་ཅིང་།འབྱུང་འགྱུར་གྱི་ཕུགས་བསམ་སྐོར་གླེང་སྐབས་ཁོ་མོས“ང་ཚོའི་གྲོང་རྡལ་གྱི་གྲོང་རྡལ་ཅན་གྱི་འཛུགས་སྐྲུན་ལས་དོན་དེ་བས་ལེགས་ལ་མྱུར་བའི་ངང་སྤེལ་ཐུབ་པའི་རེ་བ་ཡོད་པ་མ་ཟད།ད་དུང་གྲོང་རྡལ་དུ་དྲ་རྒྱའི་སྟེགས་བུ་འགའ་བསྐྲུན་ནས་ཞིང་འབྲོག་མང་ཚོགས་ཚོས་ཚན་རྩལ་ཤེས་བྱ་སྦྱོང་ཐུབ་པའི་རེ་བ་བྱེད་ཀྱི་ཡོད།ད་དུང་ཞིང་འབྲོག་པར་ཁ་ལོ་བའི་གསོ་སྦྱོང་འཛིན་གྲྭ་དང་བུད་མེད་ཕྱུག་འགྱུར་འཇོན་ཐང་ཅན་གསོ་སྦྱོང་འཛིན་གྲྭ་གཉེར་འདོད་ཡོད།གང་ལྟར་མང་ཚོགས་ཀྱི་རེ་བ་ཚང་མ་ངས་སྒྲུབ་འདོད་འདུག”ཅེས་བཤད།

    “ང་ནི་སྐྱེ་བོ་སྤྱིར་བཏང་ཞིག་ཡིན་ལ་རིག་གནས་ཆུ་ཚད་དེ་ཙམ་མཐོ་པོ་མེད།ཁྱེད་རྣམས་དང་འདྲ་བར་ཉིན་ལྟར་སྤྱིར་བཏང་ཡིན་རུང་བྲེལ་བ་ཆེ་བའི་འཚོ་བ་སྐྱེལ་བཞིན་ཡོད”ཅེས་སྟེང་པ་བ་ཤར་བསྟན་ཤར་གྱིས་གཞན་དང་མི་འདྲ་བའི་གཏམ་གླེང་བྱེད་འགོ་ཚུགས་པར་ཚོགས་ཞུགས་མི་སྣས་ཐལ་མོའི་རྡེབ་སྒྲ་བསྒྲགས།ཁོང་གིས་སྙིང་རུས་ཆེན་པོས་ཕུགས་བསམ་དོན་གཉེར་བྱས་པ་དང་གཡུར་ཟའི་གྲུབ་འབྲས་ཐོབ་པའི་སྐོར་གླེང་སྐབས“ང་ལ་སྟེང་པ་བའི་དམངས་སྲོལ་རིག་གནས་འགྲེམས་སྟོན་ཁང་ཞིག་བསྐྲུན་ནས་མི་དེ་བས་མང་བས་སྟེང་པ་བའི་ལོ་རྒྱུས་དང་འཚོ་བ་ཤེས་རྟོགས་ཐུབ་པའི་ཕུགས་འདུན་ཆེན་པོ་ཞིག་ཡོད”ཅེས་བཤད།

    མངའ་རིས་ཀྱི་ཕོ་རྒོད་དཀོན་མཆོག་ཚེ་རིང་ནི་སྤུ་ཧྲེང་རྫོང་སྐྱིད་ཐང་གྲོང་ལྷན་གྱི་ཀྲུའུ་རེན་ཡིན་པ་དང་།སྙན་ཞུའི་ཚོགས་འདུའི་ཐོག་ཁོང་གིས་ས་ཕག་བཟོ་གྲྭ་བཙུགས་པའི་སྐོར་གླེང་ཞིང་།ཁོང་གིས“ང་ཚོ་གྲོང་མི་དང་།སྤུ་ཧྲེང་བ།བོད་ལྗོངས།རྒྱལ་ཡོངས་བཅས་ཕྱུག་པོ་ཆགས་ན་རྒྱལ་ཁབ་ཕྱུག་པོ་ཆགས་སྲིད།ངའི་ཕུགས་འདུན་འགྲུབ་ན་སྤུ་ཧྲེང་མི་དམངས་ཀྱི་ཕུགས་འདུན་འགྲུབ་ལ་ཀྲུང་གོའི་ཕུགས་འདུན་ཡང་འགྲུབ་ངེས་ཡིན”ཞེས་བཤད།

    གོང་དཀར་རྫོང་རིག་གནས་རླུང་འཕྲིན་བརྙན་འཕྲིན་ཅུས་ཀྱི་ཅུས་ཀྲང་པ་སངས་ལ“རིག་གནས་ཀྱི་ཕུགས་འདུན”ཞིག་ཡོད་ཅིང་།ཕ་ཡུལ་གྱི་མངོན་མིན་རིག་གནས་ཤུལ་བཞག་སྔོག་འདོན་དང་སྲུང་སྐྱོང་ལེགས་པར་བྱ་ཆེད་ཁོང་གིས་སེམས་ནུས་ཡོད་རྒུ་བཏོན་ཡོད།ཁོང་ཚོའི་ལྷ་མོའི་རུ་ཁག་བརྒྱད་ཀྱི་སྐོར་དང་།ཧྲང་ཧའེ་འཛམ་གླིང་དངོས་མང་སྟོན་ཚོགས་དང་ཁྲེང་ཏུའི་འཛམ་གླིང་མངོན་མིན་རིག་གནས་ཤུལ་བཞག་དུས་ཆེན་ལ་ཞུགས་པའི་སྐོར་།ཀྲུང་གོའི་སྐབས་བཅུ་པའི་མང་ཚོགས་རིག་གནས་འདུ་ཚོགས་ཀྱི་ཞབས་བྲོའི་འགྲན་བསྡུར་ཆེ་མོ་སོགས་བྱེད་སྒོ་ཆེ་གྲས་ལ་ཞུགས་པའི་སྐོར་གླེང་སྐབས་པ་སངས་ཀྱི་གདོང་ལས་བརྗོད་ཀྱིས་མི་ལངས་པའི་སྤྲོ་བ་ཞིག་མངོན་གྱི་འདུག

    པད་མ་ཆོས་སྒྲོན་ནི་མེ་ཏོག་རྫོང་ཆ་ཚང་སློབ་ཆུང་གི་དགེ་རྒན་ཡིན་པ་དང་ཆུང་ངུའི་དུས་ནས་མོན་ཡུལ་དུ་འཚར་ལོངས་བྱུང་།དཀའ་བ་སྣ་ཚོགས་སྤྱད་པ་དང་བརྩོན་འགྲུས་ཆེན་པོར་བརྟེན་ནས་ཁོ་མོ་ནང་སར་ཡིག་རྒྱུགས་ལོན་པ་དང་མཐར་གཟེངས་སུ་ཐོན་པའི་སྦྱངས་འབྲས་ཐོག་ནས་ཕ་ཡུལ་དུ་ཕྱིར་ལོག་གིས་དགེ་རྒན་བྱས།ལོ་ངོ་24རིང་ཁོ་མོས་སྔ་བར་ཕྱི་གསུམ་དུ་རང་ཉིད་ཀྱི་ཕུགས་འདུན་འགྲུབ་ཆེད་འབད་བརྩོན་ཆེར་སྐྱེད་ཀྱིས་མེ་ཏོག་གི་ས་གཞི་ཆེན་པོའི་ཐོག་ཤེས་རིག་གི་རྩ་བ་ཚུགས་པར་བྱས་ཤིང་།རང་ཉིད་ཀྱི་ཕུགས་འདུན་རྒྱུན་འཁྱོངས་དང་ཕ་ཡུལ་ལ་དགའ་ཞེན་བྱེད་པའི་སྐོར་གླེང་སྐབས་ཁོ་མོས་མགྲིན་པ་བརྣང་བཞིན་དུ“རང་ཉིད་ཀྱི་སློབ་མ་རྣམས་སློབ་གྲྭ་ཐོན་ནས་ལས་རིགས་ཁག་ནང་རང་གི་རྩལ་ནུས་ངོམས་པ་དང་ཕ་ཡུལ་འཛུགས་སྐྲུན་བྱས་པ་ལས་ཕ་ཡུལ་ལ་ཉིན་རེ་བཞིན་འཕོ་འགྱུར་དང་འཕེལ་རྒྱས་འགྲོ་བ་མཐོང་སྐབས་ང་ལ་སྤོབས་སེམས་ཆེན་པོ་སྐྱེ་གི་འདུག”ཅེས་བཤད།

    ཆུ་ཚོད་གཅིག་ལྷག་གི་དུས་ཚོད་ནང་བརྙན་འཕྲིན་དུམ་བུ་མང་པོ་དང་མི་སེམས་འགུལ་བའི་བྱ་སྤྱོད་རེ་རེ་ལས་དེར་བཞུགས་ཀྱི་མི་རྣམས་ལ་སེམས་འགུལ་ཆེན་པོ་ཐེབས་ནས་མིག་ལ་མཆི་ཞག་འཁོར་བ་དང་ཐལ་མོའི་རྡེབ་སྒྲ་ཡང་ཡང་གྲགས།

    ཐལ་མོའི་རྡེབ་སྒྲ་དེ་ནི་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱ་ཡི་རྗེས་རབས་པ་ཚོས་ཀྲུང་གོ་གུང་ཁྲན་ཏང་གི་བཀའ་དྲིན་ལ་ཐུགས་རྗེ་ཆེ་ཞུ་ལུགས་དང་གུས་བཀུར་ཞུ་ལུགས་མཚོན་པ་དང་ཁོང་ཚོས་རླབས་ཆེན་མེས་རྒྱལ་ཡར་ངོའི་ཟླ་ལྟར་གོང་འཕེལ་ཡོང་བའི་སྨོན་འདུན་བཟང་པོ་ཞུ་ལུགས་མཚོན་པ་ཞིག་ཡིན།

    སྙན་ཞུ་ཉན་རྗེས་བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་བསོད་ཚེས་མྱོང་ཚོར་ཟབ་མོའི་ངང“ཀུན་གྱིས་ཤེས་གསལ་ལྟར་དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་བོད་ཀྱི་མི་འབོར་གྱི་95%ཡན་ཟིན་པའི་ཞིང་བྲན་དང་བྲན་གཡོག་ལ་ཐོན་སྐྱེད་རྒྱུ་ཆ་དང་མི་ལུས་རང་དབང་མེད།ད་དུང་ལྟོས་གྲོད་པ་མི་རྒྱགས་པ་དང་གོས་ཀྱིས་ལུས་མི་དྲོས་པའི་ཁར་དུས་དང་རྣམ་པ་ཀུན་ཏུ་སྐྲག་སྣང་ཆེན་པོའི་ངང་འཚོ་གནས་བྱེད་དགོས་པས་ཕུགས་འདུན་ཟེར་བ་གླེང་ཐབས་མེད།དེང་གི་བདེ་སྐྱིད་ལྡན་པའི་འཚོ་བར་ང་ཚོས་གཅེས་སྤྲས་ལྡབ་བརྒྱ་བྱེད་དགོས”ཞེས་བཤད།

    “ཕུགས་འདུན་ནི་རྒྱ་ཆེ་ཞིང་བླ་ན་མེད་པ་ཞིག་རེད།ཡིན་ནའང་ཕུགས་འདུན་ནི་འགྲུབ་ཐབས་མེད་པ་ཞིག་གཏན་ནས་མིན།མི་ཚང་མར་རང་ཉིད་ཀྱི་ཕུགས་འདུན་རེ་ཡོད།ཕུགས་འདུན་ནི་ང་ཚོའི་འཚོ་བ་དང་སློབ་སྦྱོང་གི་ཁྲོད་གནས་ཡོད”ཅེས་དང“ངའི་ངོས་ནས་བརྗོད་ན་རྐང་འོག་གི་འདམ་རྫབ་བཞིན་བབ་ཆགས་པོ་དང་ལམ་འགྲམ་གྱི་རྩྭ་ཕྲན་བཞིན་མི་ཕལ་པ་ཞིག་བྱས་ཏེ་སློབ་སྦྱོང་ཡག་པོ་བྱེད་པ་དང་།ལས་ཀ་ཏན་ཏིག་བྱེད་པ།རང་ནུས་གང་ཡོད་ཀྱིས་མེས་རྒྱལ་འཛུགས་སྐྲུན་ཆེད་ལེགས་སྐྱེས་འབུལ་རྒྱུ་དེ་ནི་ངའི་ཕུགས་འདུན་ཡིན”ཞེས་སློབ་མ་ཝང་ཡན་ཤུས་ཀྱིས་དེ་ལྟར་བཤད།

    ཀྲུང་གོའི་ཕུགས་འདུན་དང་བོད་ཀྱི་དཔེ་རིས་ཏེ་རླབས་ཆེ་ལ་བརྗིད་ཉམས་ལྡན་པའི་དཔེ་རིས་དེ་ལོ་55འཆར་འགོད་བྱས་པ་བརྒྱུད་ད་ཆ་ཇེ་གསལ་དང་།གསོན་ཉམས་ལྡན་པ།དེ་བས་གནད་སྨིན་བཅས་བྱུང་ཡོད་ལ་མི་སེམས་འགུལ་བའི་བོད་ཀྱི་གཏམ་རྒྱུད་མུ་མཐུད་ཐོན་བཞིན་ཡོད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག