ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།རྒྱ་གར་བདེ་འཇགས་དམག་དཔུང་གིས་ཚེས་གཉིས་ཉིན་བཤད་རྒྱུར། དྲག་ཆས་ཉེས་ཅན་འགས་ཉིན་དེར་བྱང་ཕྱོགས་ཀྱི་ཕང་ཀྲི་ཕུའུ་ས་ཁུལ་དུ་ཡོད་པའི་མཁའ་དམག་རྟེན་གཞི་ཞིག་ལ་འཇབ་རྒོལ་བྱས། དུས་ཚོད་འགའི་རིང་འཁྲུག་རྩོད་བྱས་པ་བརྒྱུད། འཇབ་རྒོལ་མཁན་ལྔ་བསད་པ་དང་། རྒྱ་གར་དམག་དཔུང་དང་བདེ་འཇགས་དམག་དཔུང་གི་དམག་མི་བཞི་རྐྱེན་ལམ་དུ་ཤོར། རྒྱ་གར་མཁའ་དམག་གི་དམག་མི་གཉིས་བསད་པར་མ་ཟད་གཞན་ཡང་བདེ་འཇགས་མི་སྣ་དྲུག་ལ་རྨས་ཕོག བདེ་འཇགས་དམག་དཔུང་གི་དཔོན་རིགས་ཀྱིས་བཤད་རྒྱུར། ཚེས་གཉིས་ཉིན་གྱི་ཞོགས་པའི་དུས་ཚོད་བཞིའི་སྟེང་། དྲག་ཆས་ཉེས་ཅན་འགའ་ཕཱ་ཁི་སི་ཐན་དང་ཉེ་སའི་པའོ་ཐན་གོ་ཏི་མཁའ་དམག་རྟེན་གཞིར་ཡོང་ནས། རྟེན་གཞིའི་ནང་གི་མུས་ཀི-29རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་དང་གྱེན་འཕུར་གནམ་གྲུར་གཏོར་བརླག་བྱེད་རྩིས་བྱས་པས། བདེ་འཇགས་དམག་དཔུང་བར་འཁྲུག་རྩོད་བྱུང་བ་རེད་ཟེར། བསྒྲགས་པ་ལྟར་ན། དུས་ཚོད་གསུམ་ཙམ་ལ་འཁྲུག་རྩོད་བྱས་པ་དང་། དྲག་ཆས་མི་སྣ་བཞི་བསད་པ་དང་། མཁའ་དམག་གི་དམག་མི་གཉིས་རྐྱེན་ལམ་དུ་ཤོར། དེའི་རྗེས་སུ་བདེ་འཇགས་དམག་དཔུང་གིས་མཁའ་དམག་རྟེན་གཞི་དེར་བྲོས་བྱོལ་བྱས་པའི་དྲག་ཆས་མི་སྣ་ཡོད་མེད་ལ་ཞིབ་བཤེར་ནན་མོ་བྱས། བསྒྲགས་པ་ལྟར་ན། འཇབ་རྒོལ་མཁན་གྱིས་དམག་ལྭ་གྱོན་ཡོད་པ་དང་། སྐབས་ཐོག་དེར་སྲིད་གཞུང་གི་རླངས་འཁོར་ཞིག་བསྐོར་ཡོང་ནས་འཇབ་རྒོལ་བྱས་པ་རེད་ཟེར། རྒྱ་གར་བདེ་འཇགས་དམག་དཔུང་གི་འབྲེལ་ཡོད་མི་སྣས་ཚོད་དཔག་བྱས་ན། དྲག་ཆས་ཉེས་ཅན་དེ་དག་ནི་ཐལ་སྤྱོད་རྩ་འཛུགས་ཤིག་ལ་གཏོགས་སྲིད་ཟེར། ཉིན་གཅིག་གི་སྔོན། ཕང་ཀྲི་ཕུའུ་ས་ཁུལ་གྱི་ཉེན་རྟོག་དཔོན་པོ་ཞིག་གིས་བསྐོར་བའི་རླངས་འཁོར་དམག་ལྭ་གྱོན་པའི་དྲག་ཆས་མི་སྣ་ལྔས་འཕྲོག་པས། དབང་འཛིན་ལས་ཁུངས་ཀྱིས་ཕང་ཀྲི་ཕུའུ་ས་ཁུལ་གྱི་དོགས་ཟོན་ཆུ་ཚད་ཇེ་མཐོར་གཏོང་དགོས་པའི་སྐུལ་མ་བཏང་། ཡིན་ཡང་མིག་སྔར་དོན་རྐྱེན་དེ་གཉིས་ལ་འབྲེལ་བ་ཡོད་མིན་གསལ་བོར་མི་ཤེས། གཟའ་འཁོར་གཅིག་གི་སྔོན་ལ། རྒྱ་གར་གྱི་ཙུང་ལི་མའོ་ཏིས་ཀྱིས་གློ་བུར་དུ་ཕཱ་ཁི་སི་ཐན་ལ་འཚམས་འདྲི་བྱས་ཏེ། ཕཱ་ཁི་སི་ཐན་གྱི་ཙུང་ལི་ཞེ་ལི་ཧྥུའུ་དང་གྲོས་མོལ་བྱས། འཚམས་འདྲི་དེ་ནི་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སླར་གསོ་བྱེད་པའི་མཚོན་རྟགས་ཡིན་པར་བསམ་ནས་ཀུན་གྱིས་རྒྱ་ཆེར་གླེང་བཞིན་ཡོད། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་ཞི་བའི་འཕེལ་རིམ་ལ་ཡར་སྐུལ་དང་ཕྱོགས་ཡོངས་ཀྱི་གྲོས་མོལ་སླར་གསོ་བྱས་ཏེ། མཉམ་དུ་དབུལ་ཕོངས་སེལ་ནས་མི་གཞུང་བརྗེ་རེས་ལ་ཤུགས་སྣོན་བྱེད་རྒྱུར་འཐད་པ་བྱུང་། དབྱེ་ཞིབ་མི་སྣ་ལ་ལས་བལྟས་ན། འཇབ་རྒོལ་དེ་མའོ་ཏིས་ཀྱི་འཚམས་འདྲི་མཇུག་སྒྲིལ་ཏེ་ཅང་མ་འགོར་བར་བྱུང་བ་ཡིན་ཞིང་། དེ་མི་ཚད་རྒྱ་གར་དང་ཕཱ་ཁི་སི་ཐན་མཐའ་མཚམས་ས་ཁུལ་དུ་བྱུང་བ་ཡིན་པས། ཐལ་སྤྱོད་རྩ་འཛུགས་ཀྱིས་སྤེལ་བ་ཡིན་སྲིད་ལ། དམིགས་ཡུལ་ནི་ཇེ་བཟང་དུ་འགྲོ་བཞིན་པའི་རྒྱ་གར་དང་ཕཱ་ཁི་སི་ཐན་གྱི་འབྲེལ་བར་གཏོར་བརླག་བྱེད་པའི་ཆེད་དུ་ཡིན་སྲིད་ཟེར། ཕཱ་ཁི་སི་ཐན་ཕྱི་འབྲེལ་པུའུ་ཡིས་ཚེས་གཉིས་ཉིན་གསལ་སྒྲོག་སྤེལ་ཏེ། ཉིན་དེའི་ཞོགས་པར་རྒྱ་གར་བྱང་ཕྱོགས་ཀྱི་མཁའ་དམག་རྟེན་གཞིར་དམིགས་པའི་འཇབ་རྒོལ་དོན་རྐྱེན་བྱུང་བར་རྒོལ་གཏམ་བཏང་། གསལ་སྒྲོག་ལས་བཤད་རྒྱུར། ཕཱ་ཁི་སི་ཐན་གྱིས་རྒྱ་གར་སྲིད་གཞུང་དང་མི་དམངས། དེ་མིན་འདས་པོའི་ཁྱིམ་མི་བཅས་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་བྱས་པ་ཡིན་ཟེར། གསལ་སྒྲོག་ལས་ད་རུང་བཤད་རྒྱུར། ཉེ་སྔོན་ཕཱ་ཁི་སི་ཐན་དང་རྒྱ་གར་རྒྱལ་ཁབ་གཉིས་ཀྱི་མཐོ་རིམ་འགྲོ་འོང་ལས་ཕན་ཚུན་ལ་རྣམ་འགྱུར་བཟང་བོ་བསྟན་པ་དང་། དེའི་རྨང་གཞིའི་སྟེང་ཕཱ་ཁི་སི་ཐན་གྱིས་མུ་མཐུད་དུ་རྒྱ་གར་དང་ས་ཁུལ་རང་གི་རྒྱལ་ཁབ་གཞན་པའི་བར་གྱི་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། འཇིགས་སྐུལ་རིང་ལུགས་ཀྱི་འཇིགས་ཉེན་རྩ་བ་ནས་མེད་པར་བཟོ་རྒྱུ་ཡིན་ཟེར།

རྩོམ་སྒྲིག་པ། ཀླུ་མོ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

སི་རི་ཡཱའི་ཧའོ་མུའུ་སི་ནས་འཇབ་རྒོལ་དོན་རྐྱེན་ཐེངས་གཉིས་བྱུང་སྟེ་མི་བཅུ་དགུ་རྐྱེན་ལམ་དུ་ཤོར།

ཧན་གོ་དང་འཇར་པན་གྱིས་འདོད་སེལ་བུད་མེད་གནད་དོན་ཐད་ནས་གཅིག་གྱུར་གྲོས་མཐུན་བཀོད།

པའོ་ལེ་ཝེ་ཡཱ་ནས་འགྲིམ་འགྲུལ་དོན་རྐྱེན་བྱུང་སྟེ་མི་བཅོ་ལྔ་རྐྱེན་ལམ་དུ་ཤོར།

སི་རི་ཡཱའི་དམག་དཔུང་གིས་ངོ་རྒོལ་དྲག་ཆས་པའི་མགོ་བ་བསད།

ཐུར་ཁེའི་ཙུང་ལིས་ཐུར་ཁེའི་དམག་ཕྱོགས་ཀྱིས་མུ་མཐུད་དུ་དབྱི་རག་བྱང་ཕྱོགས་ས་ཁུལ་ནས་དབྱི་རག་གི་དམག་དཔུང་ལ་སྦྱོང་བརྡར་བྱེད་རྒྱུ་ཡིན་པར་བཤད།

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གྲོས་ཆོད་བཀོད་དེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་མ་དངུལ་ཡོང་ཁུངས་གཅོད་རྒྱུ་ཐག་བཅད།

ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་ཁཱ་ཐི་ཡིས་དབྱི་རག་ལ་གློ་བུར་དུ་འཚམས་འདྲི་བྱས་ཏེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཇི་ལྟར་ཆམ་ཕབ་གཏོང་བར་གྲོས་བསྡུར་བྱས།

ཡེ་མིན་གྱིས་འཁྲུག་རྩོད་མཚམས་བཞག་སྟེ་སྐོར་ཐེངས་གསར་བའི་གྲོས་མོལ་སྤེལ།