ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།མཉམ་འབྲེལ་རྒྱལ་ཚོགས་དབྱི་རག་རོགས་སྐྱོར་ཚོགས་པས་ཉིས་སྟོང་བཅུ་དྲུག་ལོའི་ཟླ་དང་པོའི་ཚེས་གཅིག་ཉིན་སྤྱི་སྒྲོག་སྤེལ་ཏེ། ཉིས་སྟོང་བཅོ་ལྔ་ལོར་དབྱི་རག་གི་མངའ་ཁོངས་སུ་བྱུང་བའི་དྲག་ཤུགས་འཁྲུག་རྩོད་དང་འཇིགས་སྐུལ་འཇབ་རྒོལ་ལས་ཉུང་མཐར་ཡང་མི་སྟོང་བདུན་དང་ལྔ་བརྒྱ་བཅོ་ལྔ་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་ཁྲི་གཅིག་དང་སྟོང་བཞི་བརྒྱད་བརྒྱ་ང་ལྔར་རྨས་ཕོག་ཟེར། མཉམ་འབྲེལ་རྒྱལ་ཚོགས་དབྱི་རག་རོགས་སྐྱོར་ཚོགས་པས་བསྡོམས་རྩིས་བྱས་པ་ལྟར་ན། ཉིས་སྟོང་བཅོ་ལྔ་ལོའི་ཟླ་བཅུ་གཉིས་པར་དབྱི་རག་གི་མངའ་ཁོངས་སུ་བྱུང་བའི་དྲག་ཤུགས་འཁྲུག་རྩོད་དང་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ལས་ཉུང་མཐར་ཡང་མི་དགུ་བརྒྱ་དང་བརྒྱད་ཅུ་རྐྱེན་ལམ་དུ་ཤོར་བ་དང་། མི་སྟོང་གཅིག་དང་ཉིས་བརྒྱ་ཞེ་བཞིར་རྨས་ཕོག ཤི་བོའི་གྲས་སུ་རྨས་མའི་གྲས་སུ་མི་སེར་དཀྱུས་མ་བརྒྱད་བརྒྱ་དང་རེ་བདུན་ཡོད་པ་དང་དབྱི་རག་བདེ་འཇགས་དམག་དཔུང་གི་དམག་མི་སུམ་བརྒྱ་དང་དོན་བདུན་ཡོད་ཟེར། སྤྱི་སྒྲོག་ལས་བཤད་རྒྱུར། ཉེ་སྔོན་དབྱི་རག་བདེ་འཇགས་དམག་དཔུང་དང་ཐལ་སྤྱོད་ཉེས་ཅན་བར་གྱི་དབྱི་རག་ནུབ་ཕྱོགས་ཀྱི་ཨན་པཱ་ཨར་ཞིང་ཆེན་གྱི་དྲག་ཆས་འཁྲུག་རྩོད་མུ་མཐུད་དུ་ཛ་དྲག་ཏུ་གྱུར་ཡོད་སྟབས། ཞིང་ཆེན་དེའི་ཤི་རྨས་ཁ་གྲངས་དག་བསྡོམས་རྩིས་དེའི་ནང་གཏོགས་མེད་ཟེར། སྤྱི་སྒྲོག་ལས་བཤད་རྒྱུར། དབྱི་རག་གི་རྒྱལ་ས་པཱ་ཀ་ཏཱ་ཡོད་སའི་པཱ་ཀ་ཏཱ་ཞིང་ཆེན་ནི་ཉིས་སྟོང་བཅོ་ལྔ་ལོའི་ཟླ་བཅུ་གཉིས་པར་ཤི་རྨས་བྱུང་ཚད་ཆེས་ཚབས་ཆེ་བའི་ཞིང་ཆེན་ཞིག་རེད། བསྡོམས་པས་མི་སེར་དཀྱུས་མ་ཉིས་བརྒྱ་དང་རེ་གཅིག་དྲག་ཤུགས་དོན་རྐྱེན་ལས་ཤི་བ་དང་། གཞན་ཡང་མི་བདུན་བརྒྱ་དང་གྱ་བདུན་ལ་རྨས་ཕོག་ཡོད་ཟེར། མཉམ་འབྲེལ་རྒྱལ་ཚོགས་དབྱི་རག་རོགས་སྐྱོར་ཚོགས་པའི་ཚོགས་གཙོ་ཁུའུ་པུས་ཧྲི་ཡིས་སྤྱི་སྒྲོག་ནང་བཤད་རྒྱུར། འཐབ་འཁྲུག་དང་འཇིགས་སྐུལ་འཇབ་རྒོལ་དབང་གིས་དབྱི་རག་གི་མི་སྟོང་ཕྲག་མང་བོ་ཉིས་སྟོང་བཅོ་ལྔ་ལོར་དམར་གསོད་བཏང་བ་རེད། དེ་ནི་དང་ལེན་བྱེད་ཐབས་མེད་པའི་གནས་ཚུལ་ཞིག་རེད། དབྱི་རག་མི་དམངས་ལ་ཞི་བདེ་དང་ལྷིང་འཇགས་ཀྱི་འཚོ་བ་ཉམས་སུ་མྱོང་བའི་དབང་ཆ་ཡོད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དབྱི་རག་མི་ལ་ཤི་རྨས་ཚབས་ཆེན་བཟོ་བའི་བྱ་སྤྱོད་དེར་རྒོལ་གཏམ་གཏོང་བཞིན་ཡོད། མཉམ་འབྲེལ་རྒྱལ་ཚོགས་དབྱི་རག་རོགས་སྐྱོར་ཚོགས་པས་བསྡོམས་རྩིས་བྱས་པ་ལྟར་ན། ཉིས་སྟོང་བཅུ་བཞིའི་ལོར་དབྱི་རག་ཏུ་བྱུང་བའི་འཇིགས་སྐུལ་འཇབ་རྒོལ་དང་དྲག་ཤུགས་འཁྲུག་རྩོད་ལས་བསྡོམས་པས་མི་སེར་དཀྱུས་མ་ཁྲི་གཅིག་དང་སྟོང་གཉིས་ཉིས་བརྒྱ་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་སེར་དཀྱུས་མ་ཁྲི་གཉིས་དང་སྟོང་གསུམ་བརྒྱ་དང་ཉེར་དྲུག་ལ་རྨས་ཕོག དེ་ནི་ཉེ་བའི་ལོ་འགའི་རིང་ཆེས་མང་བོ་རེད་ཟེར།

རྩོམ་སྒྲིག་པ། ཀླུ་མོ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

སི་རི་ཡཱའི་ཧའོ་མུའུ་སི་ནས་འཇབ་རྒོལ་དོན་རྐྱེན་ཐེངས་གཉིས་བྱུང་སྟེ་མི་བཅུ་དགུ་རྐྱེན་ལམ་དུ་ཤོར།

ཧན་གོ་དང་འཇར་པན་གྱིས་འདོད་སེལ་བུད་མེད་གནད་དོན་ཐད་ནས་གཅིག་གྱུར་གྲོས་མཐུན་བཀོད།

པའོ་ལེ་ཝེ་ཡཱ་ནས་འགྲིམ་འགྲུལ་དོན་རྐྱེན་བྱུང་སྟེ་མི་བཅོ་ལྔ་རྐྱེན་ལམ་དུ་ཤོར།

སི་རི་ཡཱའི་དམག་དཔུང་གིས་ངོ་རྒོལ་དྲག་ཆས་པའི་མགོ་བ་བསད།

ཐུར་ཁེའི་ཙུང་ལིས་ཐུར་ཁེའི་དམག་ཕྱོགས་ཀྱིས་མུ་མཐུད་དུ་དབྱི་རག་བྱང་ཕྱོགས་ས་ཁུལ་ནས་དབྱི་རག་གི་དམག་དཔུང་ལ་སྦྱོང་བརྡར་བྱེད་རྒྱུ་ཡིན་པར་བཤད།

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གྲོས་ཆོད་བཀོད་དེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་མ་དངུལ་ཡོང་ཁུངས་གཅོད་རྒྱུ་ཐག་བཅད།

ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་ཁཱ་ཐི་ཡིས་དབྱི་རག་ལ་གློ་བུར་དུ་འཚམས་འདྲི་བྱས་ཏེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཇི་ལྟར་ཆམ་ཕབ་གཏོང་བར་གྲོས་བསྡུར་བྱས།

ཡེ་མིན་གྱིས་འཁྲུག་རྩོད་མཚམས་བཞག་སྟེ་སྐོར་ཐེངས་གསར་བའི་གྲོས་མོལ་སྤེལ།