ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་གྱིས་ཟླ་བཅུ་གཉིས་པའི་ཚེས་སོ་གཅིག་ཉིན་ཁོའི་མགྲིན་ཚབ་པ་བརྒྱུད་དེ་གསལ་སྒྲོག་སྤེལ་ནས། པུའུ་ལུང་ཏིས་ཀྱི་ཕྱོགས་ཁག་སོ་སོས་ཆབ་སྲིད་གྲོས་མོལ་སླར་གསོ་བྱས་པར་དགའ་བསུ་ཞུས་པ་དང་། ཕྱོགས་ཁག་སོ་སོ་འཛུགས་སྐྲུན་རང་བཞིན་ལྡན་པའི་སྒོ་ནས་འཕེལ་རིམ་དེའི་ནང་ཞུགས་ཏེ་ཆབ་སྲིད་ཉམས་ཉེན་ཐག་གཅོད་བྱེད་དགོས་པའི་སྐུལ་མ་བཏང་། གསལ་སྒྲོག་ལས་བཤད་རྒྱུར། ཕན་ཅི་ཝུན་གྱིས་པུའུ་ལུང་ཏིས་ཀྱི་ཆབ་སྲིད་གཙོ་འཛིན་སོ་སོས་ཞི་བདེ་དང་མི་རིགས་འགྲིག་མཐུན་དེ་ཏང་ཁག་ཁེ་ཕན་ལས་མཐོ་སར་འཇོག་དགོས་པའི་འབོད་སྐུལ་བཏང་བར་མ་ཟད། རྒྱལ་ཁབ་དེའི་མིག་སྔའི་ཉམས་ཉེན་དེ་ཡིད་རྟོན་དང་བཟོད་སྒོམ་གྱི་ཆབ་སྲིད་གྲོས་མོལ་ལ་བརྟེན་ན་ད་གཟོད་ཐག་གཅོད་བྱེད་ཐུབ་པའི་ཚུལ་བསྟན། གསལ་སྒྲོག་ལས་བཤད་རྒྱུར། ཕན་ཅི་ཝུན་གྱིས་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་པུའུ་ལུང་ཏིས་སྲིད་གཞུང་དང་མི་དམངས་ལ་རྒྱབ་སྐྱོར་བྱས་པར་གཟེངས་བསྟོད་བྱས་པ་དང་། ཕྱོགས་སོ་སོས་འབད་བརྩོན་བྱས་ཤིང་པུའུ་ལུང་ཏིས་ཀྱི་ཉམས་ཉེན་ཞི་འཇགས་སུ་གཏོང་བར་རོགས་རམ་བྱས་པ་དང་ཆབ་སྲིད་ལ་བརྟེན་པའི་ཐག་གཅོད་བྱེད་ཐབས་བཏོན་པར་དགའ་བསུ་ཞུས། པུའུ་ལུང་ཏིས་ཀྱི་ཉམས་ཉེན་ཐག་གཅོད་བྱེད་པའི་ཆབ་སྲིད་གྲོས་མོལ་དེ་ཟླ་བཅུ་གཉིས་པའི་ཚེས་ཉེར་བརྒྱད་ཉིན་ཝུ་ཀན་ཏཱའི་རྒྱལ་ས་ཁན་ཕཱ་ལཱ་ལྷོ་ངོས་ཀྱི་སྤྱི་ལེ་བཞི་བཅུའི་མཚམས་སུ་ཡོད་པའི་ཨིན་ཏི་ཕའེ་ནས་སྤེལ་བ་དང་། གྲོས་མོལ་དེར་ཉམས་ཉེན་གྱི་འདུམ་འགྲིག་པ་གཙོ་བོ། ཝུ་ཀན་ཏཱའི་ཙུང་ཐུང་མུའུ་སེ་ཝེ་ནེ་ཡིས་མགོ་འཛིན་བྱས། ཉིས་སྟོང་བཅོ་ལྔ་ལོའི་ཟླ་བཞི་བར། སྲིད་འཛིན་ཏང་གིས་མཚམས་སྦྱོར་བྱས་པ་ལྟར་ཨིན་ཁུའུ་ལོན་ཆི་ཀྲ་སྐབས་རྗེས་མའི་ཙུང་ཐུང་འདེམ་བསྐོར་ཞུགས་པར་ཡིད་འཐད་མ་བྱུང་བའི་དབང་གིས་པུའུ་ལུང་ཏིས་ཀྱི་ངོ་རྒོལ་ཏང་དང་དེའི་རྒྱབ་སྐྱོར་མཁན་གྱིས་རྒྱལ་ས་པུའུ་ཆུང་པུའུ་ལཱ་ནས་གཞི་རྒྱ་ཆེ་བའི་ངོ་རྒོལ་བྱ་འགུལ་སྤེལ་ཏེ་དམག་དཔུང་དང་ཉེན་རྟོག་པའི་བར་ཁྲག་བཞུར་འཁྲུག་རྩོད་བྱུང་སྟེ། པུའུ་ལུང་ཏིས་ཟིང་འཁྲུག་གི་གནས་སུ་ལྷུང་བ་རེད། ཟླ་བདུན་པར་ཨིན་ཁུའུ་ལོན་ཆི་ཀྲ་ལ་ཙུང་ཐུང་འདེམ་བསྐོའི་རྒྱལ་ཁ་ཐོབ། ས་དེའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། ཟླ་བཞི་བའི་ཚུན་ལ། འཁྲུག་རྩོད་ལས་མི་སུམ་བརྒྱ་ལྷག་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་འབུམ་གཉིས་ཙམ་རྒྱལ་ཁབ་གཞན་པར་བྲོས་བྱོལ་བྱས་ཡོད་པ་རེད། པུའུ་ལུང་ཏིས་ཀྱི་ཉམས་ཉེན་བྱུང་རྗེས། ཨ་ཧྥེ་རི་ཁ་ཤར་མའི་ཐུན་མོང་ཚོགས་པས་ཉིས་སྟོང་བཅོ་ལྔ་ལོིའི་ཟླ་ལྔ་བའི་ཚེས་སོ་གཅིག་ཉིན་ཐན་ཙན་ནི་ཡཱའི་ཏཱ་ལོས་སི་སཱ་ལཱ་མུའུ་ནས་ཁོངས་གཏོགས་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་གྲོས་ཚོགས་བསྡུས་ཏེ། ཝུ་ཀན་ཏཱའི་ཙུང་ཐུང་མུའུ་སེ་ཝེ་ནེ་ཡིས་ཨ་ཧྥེ་རི་ཁ་ཤར་མའི་ཐུན་མོང་ཚོགས་པའི་ཚབ་བྱས་ཏེ་པུའུ་ལུང་ཏིས་སྲིད་གཞུང་དང་ངོ་རྒོལ་ཏང་བར་གྱི་ཆབ་སྲིད་གྲོས་མོལ་ལ་ཡར་སྐུལ་གཏོང་དགོས་པའི་ཁག་འགེལ་བྱས།

རྩོམ་སྒྲིག་པ། ཀླུ་མོ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

སི་རི་ཡཱའི་ཧའོ་མུའུ་སི་ནས་འཇབ་རྒོལ་དོན་རྐྱེན་ཐེངས་གཉིས་བྱུང་སྟེ་མི་བཅུ་དགུ་རྐྱེན་ལམ་དུ་ཤོར།

ཧན་གོ་དང་འཇར་པན་གྱིས་འདོད་སེལ་བུད་མེད་གནད་དོན་ཐད་ནས་གཅིག་གྱུར་གྲོས་མཐུན་བཀོད།

པའོ་ལེ་ཝེ་ཡཱ་ནས་འགྲིམ་འགྲུལ་དོན་རྐྱེན་བྱུང་སྟེ་མི་བཅོ་ལྔ་རྐྱེན་ལམ་དུ་ཤོར།

སི་རི་ཡཱའི་དམག་དཔུང་གིས་ངོ་རྒོལ་དྲག་ཆས་པའི་མགོ་བ་བསད།

ཐུར་ཁེའི་ཙུང་ལིས་ཐུར་ཁེའི་དམག་ཕྱོགས་ཀྱིས་མུ་མཐུད་དུ་དབྱི་རག་བྱང་ཕྱོགས་ས་ཁུལ་ནས་དབྱི་རག་གི་དམག་དཔུང་ལ་སྦྱོང་བརྡར་བྱེད་རྒྱུ་ཡིན་པར་བཤད།

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གྲོས་ཆོད་བཀོད་དེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་མ་དངུལ་ཡོང་ཁུངས་གཅོད་རྒྱུ་ཐག་བཅད།

ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་ཁཱ་ཐི་ཡིས་དབྱི་རག་ལ་གློ་བུར་དུ་འཚམས་འདྲི་བྱས་ཏེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཇི་ལྟར་ཆམ་ཕབ་གཏོང་བར་གྲོས་བསྡུར་བྱས།

ཡེ་མིན་གྱིས་འཁྲུག་རྩོད་མཚམས་བཞག་སྟེ་སྐོར་ཐེངས་གསར་བའི་གྲོས་མོལ་སྤེལ།