ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།ཨ་ཧྥུའུ་ཧན་གྱི་ཙུང་ཐུང་ཅཱ་ནེ་ཡིས་ཟླ་བཅུ་གཉིས་པའི་ཚེས་སོ་གཅིག་ཉིན་ཁྱབ་སྒྲོག་བྱས་དོན། ཕཱ་ཁི་སི་ཐན་གྱི་རྒྱལ་ས་དབྱི་ལན་པའོ་ནས་ཨ་ཧྥུའུ་ཧན་དང་ཀྲུང་གོ། ཕཱ་ཁི་སི་ཐན། ཨ་མེ་རི་ཁ་བཅས་ཀྱི་མཐོ་རིམ་དཔོན་པོ་ཞུགས་པའི་ཕྱོགས་བཞིའི་གྲོས་མོལ་ཞིག་བསྡུ་རྒྱུ་ཡིན་པ་དང་། སླར་གསོ་བྱེད་ངེས་པའི་ཨ་ཧྥུའུ་ཧན་ཞི་བདེའི་གྲོས་མོལ་ལ་ལམ་ཐིག་འཆར་གཞི་གཏན་འབེབས་བྱེད་རྒྱུ་ཡིན་ཟེར། ཅཱ་ནེ་ཡིས་ཉིན་དེར་བསྡུས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བསྟན་དོན། སྐོར་ཐེངས་དང་པོའི་གྲོས་མོལ་སང་ལོའི་ཟླ་དང་པོའི་ཚེས་བཅུ་གཅིག་ཉིན་དབྱི་སི་ལན་པའོ་ནས་བསྡུ་རྒྱུ་ཡིན་པ་དང་། བརྗོད་སྙིང་ནི་སླར་གསོ་བྱེད་ངེས་པའི་ཨ་ཧྥུའུ་ཧན་སྲིད་གཞུང་དང་ཐཱ་ལེ་པན་གྱི་ཞི་བའི་གྲོས་མོལ་ལ་ལམ་ཐིག་འཆར་གཞི་གཏན་འབེབ་བྱེད་པ་དེ་ཡིན། སྐོར་ཐེངས་གཉིས་པའི་རིགས་མཐུན་གྲོས་མོལ་ཨ་ཧྥུའུ་ཧན་གྱི་རྒྱལ་ས་ཁ་པོར་ནས་སྤེལ་རྒྱུ་ཡིན་ཟེར། ཨ་ཧྥུའུ་ཧན་སྲིད་གཞུང་དང་ཐཱ་ལེ་པན་ཕྱོགས་ཀྱིས་ད་ལོའི་ཟླ་བདུན་པར་ཕཱ་ཁི་སི་ཐན་ནས་གྲོས་མོལ་ཐོག་མ་སྤེལ་ཡང་། ཐཱ་ལེ་པན་གྱི་སྔོན་ཆད་ཀྱི་ཆེས་མཐོའི་མགོ་ཁྲིད་པ་ཨོ་མཱ་ཨར་གྱི་འདས་རྐྱེན་ཁྱབ་སྒྲོག་བྱས་པ་དང་རྩ་འཛུགས་དེའི་མགོ་ཁྲིད་པ་བརྗེ་སྤོར་བྱས་པའི་དབང་གིས་སྐོར་ཐེངས་གཉིས་པའི་གྲོས་མོལ་དེ་རྗེས་སུ་སྣུར་བ་རེད། ཀྲུང་གོའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ལུའུ་ཁང་གིས་ཟླ་བཅུ་གཉིས་པའི་ཚེས་ཉེར་བརྒྱད་ཉིན་རྒྱུན་ལྡན་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། ཀྲུང་གོའི་ཕྱོགས་ཀྱིས་ཨ་ཧྥུའུ་ཧན་གྱི་མིས་གཙོ་ཁྲིད་བྱེད་ཅིང་ཨ་ཧྥུའུ་ཧན་གྱི་མིར་དབང་བའི་ཨ་ཧྥུའུ་ཧན་གྱི་ཞི་བའི་གྲོས་མོལ་འཕེལ་རིམ་ལ་རྒྱབ་སྐྱོར་བྱེད་པ་དང་། ཨ་ཧྥུའུ་ཧན་རྒྱལ་ནང་གི་ཞི་བདེ་འགྲིག་མཐུན་མངོན་འགྱུར་བྱེད་པར་འཚམ་པའི་འདོད་བློ་གང་རུང་ལ་རྣམ་འགྱུར་བཟང་བོ་བཟུང་ཡོད། ཀྲུང་གོའི་ཕྱོགས་ཀྱིས་མུ་མཐུད་དུ་ཨ་ཧྥུའུ་ཧན་གྱི་ཞི་བའི་འགྲིག་མཐུན་འཕེལ་རིམ་ཐད་འཛུགས་སྐྲུན་རང་བཞིན་ལྡན་པའི་ནུས་པ་འདོན་འདོད་ཡོད་པ་དང་། ཕྱོགས་སོ་སོའི་བར་འབྲེལ་འདྲིས་དང་མཐུན་སྦྱོར་བྱེད་འདོད་ཡོད་ཟེར། སྤེལ་སྲིད་པའི་གྲོས་མོལ་དེར་ཀུན་གྱིས་དོ་སྣང་ཆེན་པོ་བྱས་པ་དང་བསྟུན་ནས། ཐཱ་ལེ་པན་དྲག་ཆས་པས་ཀྱང་ཨ་ཧྥུའུ་ཧན་མངའ་ཁོངས་སུ་འཇིགས་སྐུལ་དོན་རྐྱེན་བཟོ་བར་ཤུགས་སྣོན་བྱས། ཨ་ཧྥུའུ་ཧན་ལྷོ་ཕྱོགས་ཀྱི་ཞིང་ཆེན་དུ་རྒྱུན་ཆད་མེད་པར་ཐཱ་ལེ་པན་དྲག་ཆས་པའི་འཇབ་རྒོལ་ཐེབས་བཞིན་ཡོད། འབྲེལ་ཡོད་མི་སྣས་དབྱེ་ཞིབ་བྱས་པ་ལྟར་ན། ཐཱ་ལེ་པན་གྱི་བྱ་སྤྱོད་དེ་ནི་གྲོས་མོལ་ལ་གནོན་ཤུགས་སྟེར་བའི་ཆེད་དུ་རེད་ཟེར།

རྩོམ་སྒྲིག་པ། ཀླུ་མོ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

སི་རི་ཡཱའི་ཧའོ་མུའུ་སི་ནས་འཇབ་རྒོལ་དོན་རྐྱེན་ཐེངས་གཉིས་བྱུང་སྟེ་མི་བཅུ་དགུ་རྐྱེན་ལམ་དུ་ཤོར།

ཧན་གོ་དང་འཇར་པན་གྱིས་འདོད་སེལ་བུད་མེད་གནད་དོན་ཐད་ནས་གཅིག་གྱུར་གྲོས་མཐུན་བཀོད།

པའོ་ལེ་ཝེ་ཡཱ་ནས་འགྲིམ་འགྲུལ་དོན་རྐྱེན་བྱུང་སྟེ་མི་བཅོ་ལྔ་རྐྱེན་ལམ་དུ་ཤོར།

སི་རི་ཡཱའི་དམག་དཔུང་གིས་ངོ་རྒོལ་དྲག་ཆས་པའི་མགོ་བ་བསད།

ཐུར་ཁེའི་ཙུང་ལིས་ཐུར་ཁེའི་དམག་ཕྱོགས་ཀྱིས་མུ་མཐུད་དུ་དབྱི་རག་བྱང་ཕྱོགས་ས་ཁུལ་ནས་དབྱི་རག་གི་དམག་དཔུང་ལ་སྦྱོང་བརྡར་བྱེད་རྒྱུ་ཡིན་པར་བཤད།

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གྲོས་ཆོད་བཀོད་དེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་མ་དངུལ་ཡོང་ཁུངས་གཅོད་རྒྱུ་ཐག་བཅད།

ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་ཁཱ་ཐི་ཡིས་དབྱི་རག་ལ་གློ་བུར་དུ་འཚམས་འདྲི་བྱས་ཏེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཇི་ལྟར་ཆམ་ཕབ་གཏོང་བར་གྲོས་བསྡུར་བྱས།

ཡེ་མིན་གྱིས་འཁྲུག་རྩོད་མཚམས་བཞག་སྟེ་སྐོར་ཐེངས་གསར་བའི་གྲོས་མོལ་སྤེལ།