ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།ཝུའུ་ཁི་ལན་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་རང་དབང་ཉོ་ཚོང་ས་ཁུལ་གྱི་གྲོས་ཆོད་དེ་ཉིས་སྟོང་བཅུ་དྲུག་ལོའི་ཟླ་དང་པོའི་ཚེས་གཅིག་ཉིན་ནས་ནུས་ལྡན་དུ་གྱུར་བ་རེད། ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་ཉིས་སྟོང་བཅོ་ལྔ་ལོའི་ཟླ་བཅུ་གཉིས་པའི་ཚེས་སོ་གཅིག་ཉིན་པུའུ་ལུའུ་སེར་ནས་གསར་འགྱུར་སྤྱི་སྒྲོག་སྤེལ་ཏེ། ཝུའུ་ཁི་ལན་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་འབྲེལ་གཏུག་རྒྱལ་ཁབ་ཀྱི་གྲོས་ཆོད་ཀྱི་ཁག་ཅིག་ཡིན་པའི་ཆ་ནས། ཝུའུ་ཁི་ལན་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་རང་དབང་ཉོ་ཚོང་ས་ཁུལ་གྱི་གྲོས་ཆོད་དེ་ཉིས་སྟོང་བཅུ་དྲུག་ལོའི་ཟླ་དང་པོའི་ཚེས་གཅིག་ཉིན་དངོས་སུ་ལག་བསྟར་བྱེད་རྒྱུ་རེད། རྒྱུས་ལོན་བྱུང་བ་ལྟར་ན། ཝུའུ་ཁི་ལན་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་འབྲེལ་གཏུག་རྒྱལ་ཁབ་ཀྱི་གྲོས་ཆོད་དེ་ཉིས་སྟོང་བཅུ་བཞི་ལོའི་ཟླ་དྲུག་པར་བཀོད་པ་དང་། དེའི་ནང་ཆབ་སྲིད་ཁག་གི་གྲོས་ཆོད་དེ་ལོ་དེའི་ཟླ་བཅུ་གཅིག་པར་ནུས་ལྡན་དུ་གྱུར། སྤྱི་སྒྲོག་ལས་ད་རུང་བསྟན་དོན། རང་དབང་ཉོ་ཚོང་ས་ཁུལ་གྱི་གྲོས་ཆོད་ལག་བསྟར་བྱས་པ་ནི་ཡོ་རོབ་གླིང་མནའ་འབྲེལ་དང་ཝུའུ་ཁི་ལན་ཕྱོགས་གཉིས་ཀྱི་འབྲེལ་བའི་འཕེལ་རིམ་ཁྲོད་ཀྱི་དོན་སྙིང་ལྡན་པའི་དོན་ཞིག་ཡིན་པ་དང་། ཕྱོགས་གཉིས་ལ་དཔལ་འབྱོར་ཁེ་ཕན་གསར་བ་བསྐྲུན་ངེས་རེད། ཕྱོགས་གཅིག་ནས་ཝུའུ་ཁི་ལན་གྱི་ཁེ་ལས་འཛམ་གླིང་གི་ཆེས་ཆེ་བའི་དཔལ་འབྱོར་ཚོང་རར་ཞུགས་པར་སྟབས་བདེའི་ཆ་རྐྱེན་བསྐྲུན་པ་དང་། ཕྱོགས་གཞན་ཞིག་ནས་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁེ་ལས་ལའང་ཝུའུ་ཁི་ལན་ཚོང་ར་ནས་ཁེ་ཕན་ཐོབ་སྲིད་པ་རེད། བསྒྲགས་པ་ལྟར་ན། རང་དབང་ཉོ་ཚོང་ས་ཁུལ་གྱི་གྲོས་ཆོད་ནུས་ལྡན་དུ་གྱུར་བ་དེས་ཝུའུ་ཁི་ལན་དང་ཡོ་རོབ་གླིང་གི་ཚོང་བ་དང་དངུལ་གཏོང་མཁན། འཛད་སྤྱོད་མཁན་བཅས་ལ་གོ་སྐབས་གསར་བ་འདོན་སྤྲོད་བྱས་པ་དང་། ཝུའུ་ཁི་ལན་སྔར་ལས་ལྷག་པའི་སྒོ་ནས་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་ནང་ཞུགས་ཏེ། ཡོ་རོབ་གླིང་མནའ་འབྲེལ་གྱི་ཚོང་ལས་འགྲན་རྩོད་དང་། སྲིད་གཞུང་གི་ཉོ་བསྡུ། ཤེས་བྱའི་ཐོན་དབང་སྲུང་སྐྱོབ་སོགས་ཁྱབ་ཁོངས་ཀྱི་ཁྲིམས་འཛུགས་ཉམས་མྱོང་ལོངས་སུ་སྤྱོད་པར་རོགས་འདེགས་ཐོབ་སྲིད་ཟེར། ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཡོ་རོབ་གླིང་ཁྱིམ་མཚེས་སྲིད་ཇུས་དང་རྒྱ་བསྐྱེད་གྲོས་མོལ་གྱི་འགན་ཁུར་བའི་ཨུ་ཡོན་ཧཱ་ཅིན་གྱིས་བསྟན་དོན། ཡོ་རོབ་གླིང་མནའ་འབྲེལ་གྱིས་མུ་མཐུད་དུ་ཝུའུ་ཁི་ལན་ལ་རོགས་སྐྱོར་བྱས་ཏེ། ཝུའུ་ཁི་ལན་གྱིས་རང་དབང་ཉོ་ཚོང་ས་ཁུལ་གྱི་གྲོས་ཆོད་ནང་དོན་གཞིར་བཟུང་སྟེ་དགོས་ངེས་ཀྱིས་ལེགས་སྒྲིག་བྱེད་དུ་འཇུག་རྒྱུ་ཡིན་ཟེར། ཡོ་རོབ་གླིང་མནའ་འབྲེལ་ཉོ་ཚོང་ཆེད་དོན་པ་མཱ་ཨར་མུའུ་སི་ཐི་ལོན་གྱིས་བཤད་རྒྱུར། རང་དབང་ཉོ་ཚོང་ས་ཁུལ་གྱི་གྲོས་ཆོད་ནུས་ལྡན་དུ་གྱུར་བ་ལས་ཝུའུ་ཁི་ལན་ལ་སྔར་མེད་ཀྱི་གོ་སྐབས་བསྐྲུན་ཏེ། དཔལ་འབྱོར་བརྟན་འཇགས་ཅན་དང་སྣ་མང་ཅན་གྱི་འཕེལ་རྒྱས་མངོན་འགྱུར་བྱེད་ཐུབ་ཀྱང་། འགྱུར་ལྡོག་དེ་ཞག་གཅིག་ལ་འབྱུང་མི་སྲིད་པས་མུ་མཐུད་དུ་འབད་བརྩོན་བྱས་ཏེ་དངུལ་གཏོང་བྱེད་དགོས། རང་དབང་ཉོ་ཚོང་ས་ཁུལ་དེས་རིམ་བཞིན་ཝུའུ་ཁི་ལན་གྱི་དར་རྒྱས་ལ་ཡར་སྐུལ་བྱེད་པ་དང་། ཡོ་རོབ་གླིང་གི་དཔལ་འབྱོར་གཞི་གཅིག་གྱུར་གཏིང་ཟབ་ཏུ་སྤེལ་དགོས་ཟེར།

རྩོམ་སྒྲིག་པ། ཀླུ་མོ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

སི་རི་ཡཱའི་ཧའོ་མུའུ་སི་ནས་འཇབ་རྒོལ་དོན་རྐྱེན་ཐེངས་གཉིས་བྱུང་སྟེ་མི་བཅུ་དགུ་རྐྱེན་ལམ་དུ་ཤོར།

ཧན་གོ་དང་འཇར་པན་གྱིས་འདོད་སེལ་བུད་མེད་གནད་དོན་ཐད་ནས་གཅིག་གྱུར་གྲོས་མཐུན་བཀོད།

པའོ་ལེ་ཝེ་ཡཱ་ནས་འགྲིམ་འགྲུལ་དོན་རྐྱེན་བྱུང་སྟེ་མི་བཅོ་ལྔ་རྐྱེན་ལམ་དུ་ཤོར།

སི་རི་ཡཱའི་དམག་དཔུང་གིས་ངོ་རྒོལ་དྲག་ཆས་པའི་མགོ་བ་བསད།

ཐུར་ཁེའི་ཙུང་ལིས་ཐུར་ཁེའི་དམག་ཕྱོགས་ཀྱིས་མུ་མཐུད་དུ་དབྱི་རག་བྱང་ཕྱོགས་ས་ཁུལ་ནས་དབྱི་རག་གི་དམག་དཔུང་ལ་སྦྱོང་བརྡར་བྱེད་རྒྱུ་ཡིན་པར་བཤད།

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གྲོས་ཆོད་བཀོད་དེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་མ་དངུལ་ཡོང་ཁུངས་གཅོད་རྒྱུ་ཐག་བཅད།

ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་ཁཱ་ཐི་ཡིས་དབྱི་རག་ལ་གློ་བུར་དུ་འཚམས་འདྲི་བྱས་ཏེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཇི་ལྟར་ཆམ་ཕབ་གཏོང་བར་གྲོས་བསྡུར་བྱས།

ཡེ་མིན་གྱིས་འཁྲུག་རྩོད་མཚམས་བཞག་སྟེ་སྐོར་ཐེངས་གསར་བའི་གྲོས་མོལ་སྤེལ།