ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་གྱིས་ཚེས་ཉེར་བདུན་ཉིན་བསྐྱར་སྒྲོག་བྱས་དོན། དབྱི་རག་བྱང་ཕྱོགས་ས་ཁུལ་དུ་བཀོད་སྒྲིག་བྱས་པའི་དམག་དཔུང་ཕྱིར་འཐེན་བྱེད་མི་སྲིད་ཟེར།

ཨེ་ཨར་ཏའོ་ཨན་ཉིན་དེར་དབྱི་སི་ཐན་པོར་ནས་བྱ་འགུལ་ལ་ཞུགས་སྐབས་བསྟན་དོན། དབྱི་རག་བྱང་ཕྱོགས་ས་ཁུལ་དུ་མངག་གཏོང་བྱས་པའི་ཐུར་ཁེའི་དམག་དཔུང་གིས་སྦྱོང་བརྡར་ལས་འགན་ལག་བསྟར་བྱེད་པའི་རྒྱལ་ཁབ་རང་གི་དམག་དཔུང་ལ་སྲུང་སྐྱོབ་བྱེད་བཞིན་ཡོད་སྟབས་མུ་མཐུད་དུ་གནས་དེར་སྡོད་རྒྱུ་ཡིན་ཟེར། ཁོས་ད་རུང་བསྐྱར་སྒྲོག་བྱས་དོན། མངག་གཏོང་བྱས་པའི་ཐུར་ཁེའི་དམག་དཔུང་ནི་འཐབ་འཛིང་དམག་དཔུང་མིན་པ་དང་། ཐུར་ཁེའི་ཕྱོགས་ཀྱིས་མུ་མཐུད་དུ་དབྱི་རག་བྱང་ཕྱོགས་ས་ཁུལ་གྱི་སྦྱོང་བརྡར་ལས་འགན་ལག་བསྟར་བྱེད་རྒྱུའི་ཆོད་སེམས་ཡོད་ཟེར།

ཟླ་འདིའི་ཟླ་མགོར་ཐུར་ཁེས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱིས་བཙན་བཟུང་བྱས་པའི་དབྱི་རག་གི་གྲོང་ཁྱེར་ཆེན་པོ་གཉིས་པ་མའོ་སུའུ་ཨར་ཉེ་འདབས་སུ་འཁྲབ་ལྡན་འཁོར་ལོའི་དམག་དཔུང་མངག་གཏོང་བྱས། དབྱི་རག་སྲིད་གཞུང་གིས་བསྟན་དོན། ཐུར་ཁེ་ཕྱོགས་ཀྱི་བྱ་སྤྱོད་དེར་དབྱི་རག་འཐད་པ་བྱུང་མེད་པ་དང་། དབྱི་རག་གི་བདག་དབང་ལ་གནོད་པའི་དགྲར་འཛིན་གྱི་བྱ་སྤྱོད་ཅིག་ཡིན་པས། ཐུར་ཁེས་ངེས་པར་དུ་ཆ་རྐྱེན་ཅི་ཡང་མེད་པར་མྱུར་མོར་དམག་དཔུང་ཕྱིར་འཐེན་བྱེད་དགོས་ཟེར་ཡང་། ཐུར་ཁེས་དབྱི་རག་ཏུ་ཡོད་པའི་དམག་དཔུང་ཕྱིར་འཐེན་བྱེད་མི་སྲིད་པའི་ཚུལ་བསྟན།

དབྱི་རག་གི་ཙུང་ལི་ཨ་པཱ་ཏིས་ཀྱིས་ཚེས་བཅུ་གཅིག་ཉིན་དབྱི་རག་ཕྱི་འབྲེལ་པུའུ་ལ་མཛུབ་སྟོན་གནང་སྟེ། ཐུར་ཁེའི་དམག་དཔུང་དབྱི་རག་ཏུ་སྡོད་པའི་གནད་དོན་ཐད་ནས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ལ་ངོ་རྒོལ་ཡིག་ཆ་ཞིག་དངོས་སུ་སྤྲོད་དགོས་པའི་རེ་བ་བཏོན། ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱིས་ཚེར་ཉེར་བཞིའི་ཉིན་ཁེ་རོ་ནས་ཕྱི་འབྲེལ་བློན་ཆེན་གྱི་གྲོས་ཚོགས་བསྡུས་ཏེ། ཐུར་ཁེས་ཆ་རྐྱེན་ཅི་ཡང་མེད་པའི་སྒོ་ནས་མྱུར་མོར་དབྱི་རག་གི་མངའ་ཁོངས་སུ་ཡོད་པའི་དམག་དཔུང་ཕྱིར་འཐེན་བྱེད་དགོས་པའི་སྐུལ་མ་བཏང་།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

སི་རི་ཡཱའི་དམག་དཔུང་གིས་ངོ་རྒོལ་དྲག་ཆས་པའི་མགོ་བ་བསད།

ཐུར་ཁེའི་ཙུང་ལིས་ཐུར་ཁེའི་དམག་ཕྱོགས་ཀྱིས་མུ་མཐུད་དུ་དབྱི་རག་བྱང་ཕྱོགས་ས་ཁུལ་ནས་དབྱི་རག་གི་དམག་དཔུང་ལ་སྦྱོང་བརྡར་བྱེད་རྒྱུ་ཡིན་པར་བཤད།

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གྲོས་ཆོད་བཀོད་དེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་མ་དངུལ་ཡོང་ཁུངས་གཅོད་རྒྱུ་ཐག་བཅད།

ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་ཁཱ་ཐི་ཡིས་དབྱི་རག་ལ་གློ་བུར་དུ་འཚམས་འདྲི་བྱས་ཏེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཇི་ལྟར་ཆམ་ཕབ་གཏོང་བར་གྲོས་བསྡུར་བྱས།

ཡེ་མིན་གྱིས་འཁྲུག་རྩོད་མཚམས་བཞག་སྟེ་སྐོར་ཐེངས་གསར་བའི་གྲོས་མོལ་སྤེལ།

ཧན་གོ་དང་འཇར་པན་གྱིས་འདོད་སེལ་བུད་མེད་གནད་དོན་ཐད་ནས་གྲོས་བསྡུར་བྱས།

ཕཱ་ཁི་སི་ཐན་གྱི་ཚོང་ར་ཞིག་ནས་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་མི་བཅུ་བདུན་རྐྱེན་ལམ་དུ་ཤོར།

འཇར་པན་དང་ཨུ་རུ་སི་ཡིས་སང་ལོའི་ལོ་མགོར་པུའུ་ཀྲང་གཞོན་པ་རིམ་པའི་གྲོས་མོལ་སྤེལ་ཏེ་ཨན་པའེ་ཅིན་སན་གྱིས་ཨུ་རུ་སི་ལ་འཚམས་འདྲི་བྱེད་པར་རྨང་འདིང་རྒྱུ་རེད།