ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་སི་རི་ཡཱའི་གནད་དོན་གྱི་ཆེད་མངག་ཕོ་ཉ་ཏི་མུས་སི་ཐུའུ་ལཱ་ཡིས་ཚེས་ཉེར་དྲུག་ཉིན་བཤད་རྒྱུར། ཁོས་སང་ལོའི་ཟླ་དང་པོའི་ཚེས་ཉེར་ལྔ་ཉིན་རི་ནེ་ཝ་ནས་སི་རི་ཡཱའི་ཕྱོགས་ཁག་སོ་སོའི་ཞི་བའི་གྲོས་མོལ་སྤེལ་རྒྱུའི་འཆར་གཞི་ཡོད་ཟེར།

 ཏི་མུས་སི་ཐུའུ་ལཱ་ཡིས་ཉིན་དེར་རི་ནེ་ཝ་ནས་གསལ་སྒྲོག་སྤེལ་ཏེ། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཟླ་འདིའི་ཚེས་བཅོ་བརྒྱད་ཉིན་ཆབ་སྲིད་ཀྱི་ཐབས་ལ་བརྟེན་ནས་སི་རི་ཡཱའི་གནད་དོན་ཐག་གཅོད་བྱེད་པའི་གྲོས་ཆོད་བཀོད་རྗེས། ཁོས་སི་རི་ཡཱའི་སྲིད་གཞུང་དང་ངོ་རྒོལ་ཕྱོགས་ཁག་སོ་སོའི་བར་གྱི་བར་འདུམ་ལ་ཤུགས་སྣོན་བྱས།

སང་ལོའི་ཟླ་དང་པོར་སི་རི་ཡཱའི་ཕྱོགས་ཁག་སོ་སོའི་བར་གྲོས་མོལ་བྱེད་པ་ཡོངས་འགྲུབ་བྱེད་རྒྱུའི་འཆར་གཞི་ཡོད་པ་དང་། ཟླ་དང་པོའི་ཚེས་ཉེར་ལྔ་ཉིན་རི་ནེ་ཝ་ནས་སི་རི་ཡཱའི་ཕྱོགས་ཁག་སོ་སོའི་ཞི་བའི་གྲོས་མོལ་སྤེལ་རྒྱུ་ཡིན་ཟེར། ཏི་མུས་སི་ཐུའུ་ལཱ་ཡིས་སི་རི་ཡཱའི་ཕྱོགས་ཁག་སོ་སོས་མཉམ་ལས་གང་ལེགས་བྱས་ཏེ། སི་རི་ཡཱའི་མི་དམངས་ཀྱི་དཀའ་སྡུག་གི་གནས་བབ་མཇུག་སྒྲིལ་བའི་ཆེད་དུ་འགལ་བ་ཐག་གཅོད་བྱེད་དགོས་པའི་སྐུལ་མ་བཏང་། ཁོས་སི་རི་ཡཱའི་ཕྱོགས་ཁག་སོ་སོས་ཆབ་སྲིད་འཕེལ་རིམ་ལ་གཏོར་བརླག་བྱེད་པའི་དོན་རྐྱེན་འབྱུང་བར་སྔོན་འགོག་བྱེད་དགོས་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མུ་མཐུད་དུ་རྒྱབ་སྐྱོར་བྱེད་དགོས་པའི་འབོད་སྐུལ་བཏང་།

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས་བཅོ་བརྒྱད་ཉིན་ཆབ་སྲིད་ལ་བརྟེན་ནས་སི་རི་ཡཱའི་གནད་དོན་ཐག་གཅོད་བྱེད་པའི་གྲོས་ཆོད་བཀོད་པ་དང་། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཉིས་སྟོང་བཅུ་གཉིས་ལོའི་རི་ནེ་ཝའི་སྤྱི་སྒྲོག་དང་ད་ལོའི་ཟླ་བཅུ་གཅིག་པར་སི་རི་ཡཱའི་གནད་དོན་གྱི་ཕྱི་འབྲེལ་བློན་ཆེན་གྲོས་ཚོགས་ཐེངས་གཉིས་པའི་ཐུན་མོང་ལྟ་ཚུལ་ཁས་ལེན་བྱེད་པ་བསྐྱར་སྒྲོག་བྱས་པར་མ་ཟད། སི་རི་ཡཱའི་མི་དམངས་ཀྱིས་སི་རི་ཡཱའི་མ་འོངས་པ་ཐག་གཅོད་བྱེད་དགོས་པ་ནན་བཤད་བྱས།

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་བར་འདུམ་ལ་བརྟེན་ནས་སི་རི་ཡཱའི་སྲིད་གཞུང་དང་ངོ་རྒོལ་ཕྱོགས་ཁག་གི་འཐུས་མི་མཉམ་དུ་བསྡུས་ནས་གོང་གི་ཡིག་ཆ་དེ་གཉིས་གཞིར་བཟུང་སྟེ། ཆབ་སྲིད་བར་བརྒལ་འཕེལ་རིམ་ཐད་ནས་དངོས་གཞིའི་གྲོས་མོལ་བྱེད་དུ་འཇུག་དགོས་པ་དང་། སང་ལོའི་ཟླ་དང་པོའི་ཟླ་མགོ་ནས་བཟུང་གྲོས་མོལ་བྱས་ཏེ་ཆབ་སྲིད་ལ་བརྟེན་ནས་ཉམས་ཉེན་ཐག་གཅོད་བྱེད་པ་མངོན་འགྱུར་བྱེད་པར་བརྩོན་ལེན་བྱེད་དགོས་པའི་རེ་བ་བཏོན།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

ཐུར་ཁེའི་ཙུང་ལིས་ཐུར་ཁེའི་དམག་ཕྱོགས་ཀྱིས་མུ་མཐུད་དུ་དབྱི་རག་བྱང་ཕྱོགས་ས་ཁུལ་ནས་དབྱི་རག་གི་དམག་དཔུང་ལ་སྦྱོང་བརྡར་བྱེད་རྒྱུ་ཡིན་པར་བཤད།

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གྲོས་ཆོད་བཀོད་དེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་མ་དངུལ་ཡོང་ཁུངས་གཅོད་རྒྱུ་ཐག་བཅད།

ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་ཁཱ་ཐི་ཡིས་དབྱི་རག་ལ་གློ་བུར་དུ་འཚམས་འདྲི་བྱས་ཏེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཇི་ལྟར་ཆམ་ཕབ་གཏོང་བར་གྲོས་བསྡུར་བྱས།

ཡེ་མིན་གྱིས་འཁྲུག་རྩོད་མཚམས་བཞག་སྟེ་སྐོར་ཐེངས་གསར་བའི་གྲོས་མོལ་སྤེལ།

ཧན་གོ་དང་འཇར་པན་གྱིས་འདོད་སེལ་བུད་མེད་གནད་དོན་ཐད་ནས་གྲོས་བསྡུར་བྱས།

ཕཱ་ཁི་སི་ཐན་གྱི་ཚོང་ར་ཞིག་ནས་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་མི་བཅུ་བདུན་རྐྱེན་ལམ་དུ་ཤོར།

འཇར་པན་དང་ཨུ་རུ་སི་ཡིས་སང་ལོའི་ལོ་མགོར་པུའུ་ཀྲང་གཞོན་པ་རིམ་པའི་གྲོས་མོལ་སྤེལ་ཏེ་ཨན་པའེ་ཅིན་སན་གྱིས་ཨུ་རུ་སི་ལ་འཚམས་འདྲི་བྱེད་པར་རྨང་འདིང་རྒྱུ་རེད།

རྒྱ་གར་དང་ཕཱ་ཁི་སི་ཐན་གྱིས་ཛ་དྲག་གི་གནས་བབ་ཞི་འཇགས་སུ་བཏང་སྟེ་ཕྱོགས་གཉིས་ཀྱི་གྲོས་མོལ་སླར་གསོ་བྱས།