ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རག་བདེ་འཇགས་དམག་དཔུང་གིས་ཚེས་ཉེར་གཉིས་ཉིན་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་པས་བཙན་བཟུང་བྱས་པའི་དབྱི་རག་ནུབ་ཕྱོགས་ཀྱི་ཨན་པཱ་ཨར་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ལཱ་མཱ་ཏིས་ཀྱི་ས་ཁུལ་ཁག་ཅིག་ཕྱིར་འཕྲོག་ལེན་བྱས།

མིང་བཤད་མི་འདོད་པའི་ཨན་པཱ་ཨར་ཞིང་ཆེན་གྱི་དཔོན་རིགས་ཤིག་གིས་གསར་འགོད་པར་བཤད་རྒྱུར། དབྱི་རག་གི་ས་ངོས་དམག་དཔུང་གིས་ཉིན་དེར་དབྱི་རག་གི་མཁའ་དམག་དང་ཨ་མེ་རི་ཁས་སྣེ་ཁྲིད་པའི་རྒྱལ་སྤྱིའི་མནའ་འབྲེལ་དམག་དཔུང་གི་བར་སྣང་རོགས་སྐྱོར་འོག ཕྱོགས་མང་བོ་ནས་ལཱ་མཱ་ཏིས་གྲོང་ཁྱེར་ལྟེ་གནས་སུ་དཔུང་འཇུག་བྱས་ཏེ། ལཱ་མཱ་ཏིས་ལྷོ་ནུབ་ཕྱོགས་ཀྱི་ས་ཁུལ་ཁག་ཅིག་ཕྱིར་འཕྲོག་ལེན་བྱས་ཟེར།

དཔོན་རིགས་དེས་བཤད་རྒྱུར། དབྱི་རག་དམག་དཔུང་གིས་ཉིན་དེར་ལཱ་མཱ་ཏིས་ལ་དཔུང་འཇུག་བྱེད་པའི་འཁྲུག་རྩོད་དྲག་པོའི་ཁྲོད་ཉུང་མཐར་ཡང་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་ཞེ་བརྒྱད་བསད་པ་དང་། དྲག་ཆས་ཉེས་ཅན་བཅུ་བཞི་འཛིན་བཟུང་བྱས། གཞན་ཡང་མི་བརྒྱད་ལ་རྨས་ཕོག་ཡོད་ཟེར། ཁོས་དབྱི་རག་དམག་དཔུང་གི་ཤི་རྨས་གནས་ཚུལ་གསལ་བོར་མ་བཤད།

དེ་ལས་གཞན་རྒྱལ་སྤྱིའི་མནའ་འབྲེལ་དམག་དཔུང་གི་འཐབ་འཛིང་གནམ་གྲུས་ཉིན་དེར་ད་རུང་ལཱ་མཱ་ཏིས་ཤར་ངོས་ཀྱི་སྤྱི་ལེ་སོ་ལྔའི་མཚམས་སུ་ཡོད་པའི་ཧུའུ་སེ་པེད་ཤར་མ་ས་ཁུལ་གྱི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་པའི་སྦས་སྐོང་བྱེད་ས་གཉིས་ལ་འགས་གཏོར་བཏང་སྟེ། ཉུང་མཐར་ཡང་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་བཅུ་བཞི་བསད།

དབྱི་རག་དམག་དཔུང་གིས་ཟླ་སྔོན་མར་ཡང་བསྐྱར་ལཱ་མཱ་ཏིས་གྲོང་ཁྱེར་ཕྱིར་འཕྲོག་ལེན་བྱེད་པའི་གཞི་རྒྱ་ཆེ་བའི་དམག་དོན་འགུལ་སྐྱོད་སྤེལ། མིག་སྔར་ལཱ་མཱ་ཏིས་གྲོང་ཁྱེར་གྱི་གྲོང་ཁུལ་ཁག་ཅིག་དང་ཉེ་འདབས་ཀྱི་ས་ཁུལ་མང་བོ་ཞིག་ཕྱིར་བླངས་ཡོད་ལ། རིམ་བཞིན་ལཱ་མཱ་ཏིས་གྲོང་ཁྱེར་ལྟེ་གནས་སུ་དཔུང་འཇུག་བྱེད་བཞིན་ཡོད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

ཐུར་ཁེའི་ཙུང་ལིས་ཐུར་ཁེའི་དམག་ཕྱོགས་ཀྱིས་མུ་མཐུད་དུ་དབྱི་རག་བྱང་ཕྱོགས་ས་ཁུལ་ནས་དབྱི་རག་གི་དམག་དཔུང་ལ་སྦྱོང་བརྡར་བྱེད་རྒྱུ་ཡིན་པར་བཤད།

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གྲོས་ཆོད་བཀོད་དེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་མ་དངུལ་ཡོང་ཁུངས་གཅོད་རྒྱུ་ཐག་བཅད།

ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་ཁཱ་ཐི་ཡིས་དབྱི་རག་ལ་གློ་བུར་དུ་འཚམས་འདྲི་བྱས་ཏེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཇི་ལྟར་ཆམ་ཕབ་གཏོང་བར་གྲོས་བསྡུར་བྱས།

ཡེ་མིན་གྱིས་འཁྲུག་རྩོད་མཚམས་བཞག་སྟེ་སྐོར་ཐེངས་གསར་བའི་གྲོས་མོལ་སྤེལ།

ཧན་གོ་དང་འཇར་པན་གྱིས་འདོད་སེལ་བུད་མེད་གནད་དོན་ཐད་ནས་གྲོས་བསྡུར་བྱས།

ཕཱ་ཁི་སི་ཐན་གྱི་ཚོང་ར་ཞིག་ནས་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་མི་བཅུ་བདུན་རྐྱེན་ལམ་དུ་ཤོར།

འཇར་པན་དང་ཨུ་རུ་སི་ཡིས་སང་ལོའི་ལོ་མགོར་པུའུ་ཀྲང་གཞོན་པ་རིམ་པའི་གྲོས་མོལ་སྤེལ་ཏེ་ཨན་པའེ་ཅིན་སན་གྱིས་ཨུ་རུ་སི་ལ་འཚམས་འདྲི་བྱེད་པར་རྨང་འདིང་རྒྱུ་རེད།

རྒྱ་གར་དང་ཕཱ་ཁི་སི་ཐན་གྱིས་ཛ་དྲག་གི་གནས་བབ་ཞི་འཇགས་སུ་བཏང་སྟེ་ཕྱོགས་གཉིས་ཀྱི་གྲོས་མོལ་སླར་གསོ་བྱས།