ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལེ་པཱ་ནུན་གྱི་བདེ་འཇགས་མི་སྣས་ཚེས་ཉི་ཤུའི་ཉིན་བཤད་རྒྱུར། ཉིན་དེའི་དགོང་མོར་ཉུང་མཐར་ཡང་མེ་ཤུགས་འཕུར་མདའ་གསུམ་ལེ་པཱ་ནུན་ལྷོ་ཕྱོགས་ས་ཁུལ་ནས་དབྱི་སི་རལ་བྱང་ཕྱོགས་ཀྱི་རྒྱལ་མཚམས་ས་ཁུལ་དུ་འཕངས་ཟེར།

མིང་བཤད་མི་འདོད་པའི་ལེ་པཱ་ནུན་གྱི་བདེ་འཇགས་མི་སྣ་ཞིག་གིས་གསར་འགོད་པར་བཤད་རྒྱུར། ཉིན་དེའི་དགོང་མོར། ཉུང་མཐར་ཡང་མེ་ཤུགས་འཕུར་མདའ་གསུམ་ལེ་པཱ་ནུན་ལྷོ་ཕྱོགས་ཀྱི་སུའུ་ཨར་གྲོང་ཁྱེར་ཉེ་འདབས་ནས་དབྱི་སི་རལ་བྱང་ཕྱོགས་ས་ཁུལ་དུ་འཕངས་པ་དང་། དེའི་རྗེས་སུ་ལེ་པཱ་ནུན་དང་དབྱི་སི་རལ་གྱི་རྒྱལ་མཚམས་ཀྱི་དབྱི་སི་རལ་ཕྱོགས་ནས་ཉེན་བརྡ་བཏང་བ་དང་། དབྱི་སི་རལ་གྱི་མེ་སྒྱོགས་དམག་དཔུང་གིས་སུའུ་ཨར་ས་ཁུལ་དུ་མེ་ཤུགས་འཕུར་མདའ་བདུན་འཕངས་པ་རེད། དེའི་ཞོར་དུ་ལེ་པཱ་ནུན་གྱི་དམག་དཔུང་གིས་མཐའ་མཚམས་ས་ཁུལ་དུ་བདེ་འཇགས་བྱེད་ཐབས་སྤྱད་པ་རེད་ཟེར།

བསྒྲགས་པ་ལྟར་ན། ལེ་པཱ་ནུན་ལྷོ་ཕྱོགས་ས་ཁུལ་དུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནས་སྐབས་དམག་དཔུང་གིས་མེ་ཤུགས་འཕུར་མདའི་འཇབ་རྒོལ་དོན་རྐྱེན་བྱུང་བའི་གནས་ཚུལ་ཤེས་ཡོད་པ་དང་། མིག་སྔར་ལེ་པཱ་ནུན་དང་དབྱི་སི་རལ་ཕྱོགས་གཉིས་བར་འབྲེལ་གཏུག་བྱས་ཏེ། ཕྱོགས་གཉིས་ཀྱིས་རང་ཚོད་འཛིན་པར་ཡར་སྐུལ་བྱས་ནས་མཐའ་མཚམས་ས་ཁུལ་དུ་ཛ་དྲག་གི་གནས་བབ་འབྱུང་བར་སྔོན་འགོག་བྱེད་དགོས་པའི་སྐུལ་མ་བཏང་།

མིག་སྔར་རྩ་འཛུགས་དང་མི་སྒེར་གང་རུང་གིས་ཐེངས་འདིའི་དོན་རྐྱེན་བཟོས་པ་ཁྱབ་སྒྲོག་བྱས་མེད་ཀྱང་། བསྒྲགས་པ་ལྟར་ན། ཐེངས་འདིའི་མེ་ཤུགས་འཕུར་མདའི་འཇབ་རྒོལ་དོན་རྐྱེན་དེ་དབྱི་སི་རལ་གྱིས་སྔ་ཉིན་སི་རི་ཡཱ་ལ་བར་སྣང་འཇབ་རྒོལ་བྱས་ཏེ་ཀྲིན་ཀྲུའུ་ཏང་གི་མཐོ་རིམ་ཁོངས་མི་ཞིག་བསད་པ་འབྲེལ་བ་ཡོད་སྲིད་ཟེར།

ལེ་པཱ་ནུན་ཀྲིན་ཀྲུའུ་ཏང་གིས་ཚེས་ཉི་ཤུའི་ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱིས་ཚེས་བཅུ་དགུའི་ཉིན་གྱི་དགོང་མོར་འཐབ་འཛིང་གནམ་གྲུ་མངག་ནས་སི་རི་ཡཱའི་རྒྱལ་ས་ཏཱ་མཱ་ཧྲི་ཀིའི་ཉེ་འདབས་ཀྱི་ཅཱ་ལཱ་མན་ནཱ་གྲོང་རྡལ་གྱི་སྡོད་དམངས་ཐོག་ཁང་ཞིག་ལ་འགས་གཏོར་བཏང་སྟེ། ཀྲིན་ཀྲུའུ་ཏང་གི་མཐོ་རིམ་ཁོངས་མི་ཁན་ཐཱ་ཨར་དང་སྡོད་དམངས་རེ་འགའ་རྐྱེན་ལམ་དུ་ཤོར་ཟེར།

ཁན་ཐཱ་ཨར་རྐྱེན་ལམ་དུ་ཤོར་རྗེས། ལེ་པཱ་ནུན་དང་དབྱི་སི་རལ་གྱི་མཐའ་མཚམས་ས་ཁུལ་གྱི་གནས་བབ་ཛ་དྲག་ཏུ་གྱུར་བ་དང་། དབྱི་སི་རལ་གྱི་དམག་དཔུང་གིས་དོགས་ཟོན་མཐོར་འདེགས་བྱས་ཏེ་ཀྲིན་ཀྲུའུ་ཏང་གིས་འཁོན་ལན་སློག་པའི་འགུལ་སྐྱོད་སྤེལ་བར་སྔོན་འགོག་བྱས། དེའི་ཞོར་དུ་ལེ་པཱ་ནུན་ལྷོ་ཕྱོགས་ས་ཁུལ་དུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནས་སྐབས་དམག་དཔུང་གིས་ཀྱང་མཐའ་མཚམས་ས་ཁུལ་གྱི་སྐོར་གཡེང་ལ་ཤུགས་སྣོན་བྱས་ཏེ་མཐའ་མཚམས་ཀྱི་གནས་ཚུལ་འགྱུར་ལྡོག་ལ་དོ་སྣང་བྱེད་བཞིན་ཡོད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གྲོས་ཆོད་བཀོད་དེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་མ་དངུལ་ཡོང་ཁུངས་གཅོད་རྒྱུ་ཐག་བཅད།

ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་ཁཱ་ཐི་ཡིས་དབྱི་རག་ལ་གློ་བུར་དུ་འཚམས་འདྲི་བྱས་ཏེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཇི་ལྟར་ཆམ་ཕབ་གཏོང་བར་གྲོས་བསྡུར་བྱས།

ཡེ་མིན་གྱིས་འཁྲུག་རྩོད་མཚམས་བཞག་སྟེ་སྐོར་ཐེངས་གསར་བའི་གྲོས་མོལ་སྤེལ།

ཧན་གོ་དང་འཇར་པན་གྱིས་འདོད་སེལ་བུད་མེད་གནད་དོན་ཐད་ནས་གྲོས་བསྡུར་བྱས།

ཕཱ་ཁི་སི་ཐན་གྱི་ཚོང་ར་ཞིག་ནས་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་མི་བཅུ་བདུན་རྐྱེན་ལམ་དུ་ཤོར།

འཇར་པན་དང་ཨུ་རུ་སི་ཡིས་སང་ལོའི་ལོ་མགོར་པུའུ་ཀྲང་གཞོན་པ་རིམ་པའི་གྲོས་མོལ་སྤེལ་ཏེ་ཨན་པའེ་ཅིན་སན་གྱིས་ཨུ་རུ་སི་ལ་འཚམས་འདྲི་བྱེད་པར་རྨང་འདིང་རྒྱུ་རེད།

རྒྱ་གར་དང་ཕཱ་ཁི་སི་ཐན་གྱིས་ཛ་དྲག་གི་གནས་བབ་ཞི་འཇགས་སུ་བཏང་སྟེ་ཕྱོགས་གཉིས་ཀྱི་གྲོས་མོལ་སླར་གསོ་བྱས།

དབྱི་རག་གིས་མཉམ་འབྲེལ་རྒྱལ་ཚོགས་ལ་རེ་ཞུ་བྱེད་རྒྱུའི་འཇིགས་སྐུལ་ཏེ་ཐུར་ཁེས་མུ་མཐུད་དུ་དབྱི་རག་ལ་དམག་ཁ་སྣོན་བྱེད་མཚམས་འཇོག་རྒྱུའི་རེ་བ་བཏོན།