ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས་བཅུ་ཉིན་གྱི་ཕྱི་དྲོར་གྲོས་ཚོགས་བསྡུས་ཏེ་ཁྲའོ་ཞན་གྱི་འགྲོ་མིའི་ཐོབ་ཐང་གནད་དོན་ལ་གྲོས་བསྡུར་བྱས། ཀྲུང་གོ་དང་ཨུ་རུ་སི། ཨན་ཀི་ལཱ། ཝེ་ནེ་ཙུའེ་ལཱ་བཅས་རྒྱལ་ཁབ་བཞི་ཡིས་ངོ་རྒོལ་བྱས།

དེ་ནི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལོ་རྒྱུས་སྟེང་ཁྲའོ་ཞན་གྱི་འགྲོ་མིའི་ཐོབ་ཐང་ལ་འབྲེལ་བའི་གྲོས་ཚོགས་ཐེངས་གཉིས་པ་རེད། ཟླ་འདིའི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རེས་སྐོར་ཀྲུའུ་ཞི་ཨ་མེ་རི་ཁ་ཡིན། ཟླ་བཅུ་གཉིས་པའི་ཚེས་གསུམ་ཉིན། དབྱིན་ཇི་དང་ཨ་མེ་རི་ཁ། ཧྥ་རན་སི་སོགས་རྒྱལ་ཁབ་དགུའི་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་འཐུས་མིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞིར་མཉམ་དུ་མིང་བཀོད་པའི་འཕྲིན་ཡིག་བསྐུར་ནས་ཐེངས་འདིའི་གྲོས་ཚོགས་སྤེལ་རྒྱུའི་རེ་བ་བཏོན་པ་རེད།

གྲོས་ཚོགས་དངོས་སུ་མ་ཚོགས་གོང་། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་ཐེངས་འདིའི་གྲོས་ཚོགས་བསྡུ་མིན་ཐད་ནས་བརྡས་ཐག་བཅད། མཉམ་དུ་མིང་བཀོད་པའི་འཕྲིན་ཡིག་བསྐུར་བའི་རྒྱལ་ཁབ་དགུ་འཐད་པ་བྱུང་བ་དང་། ཀྲུང་གོ་དང་ཨུ་རུ་སི། ཨན་ཀི་ལཱ། ཝེ་ནེ་ཙུའེ་ལཱ་བཅས་ཀྱིས་ངོ་རྒོལ་བྱས། ཀྲ་ཏི་དང་ནེ་ཀྲི་རི་ཡཱ་གཉིས་ཀྱིས་དབང་ཆ་བསྐྱུར་བ་རེད།

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་འགྲོ་རིམ་གནད་དོན་ལ་འདེམ་ཤོག་འཕེན་པའི་མཇུག་འབྲས་དེ་མང་ཁ་ཉུང་ལེན་བྱེད་དགོས་པས་གྲོས་ཚོགས་དེ་བསྡུས་པ་རེད། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཀྲུང་གོའི་འཐུས་མི་གཞོན་པ་ཝང་མེན་གྱིས་གཏམ་བཤད་སྤེལ་སྐབས། ཀྲུང་གོའི་ཕྱོགས་ཀྱིས་ནམ་རྒྱུན་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་རྒྱལ་ཁབ་གཞན་པའི་འགྲོ་མིའི་ཐོབ་ཐང་གནད་དོ་ལ་ཐེ་གཏོགས་བྱེད་པར་ངོ་རྒོལ་བྱེད་བཞིན་ཡོད། བདེ་འཇགས་ལས་འཛིན་ལྷན་ཚོགས་ནི་འགྲོ་མིའི་ཐོབ་ཐང་གནད་དོན་ཐག་གཅོད་བྱེད་པའི་ལས་ཁུངས་མིན་པ་དང་། འགྲོ་མིའི་ཐོབ་ཐང་གནད་དོན་དེ་ཆབ་སྲིད་ཅན་དུ་དེ་བས་ཀྱང་བསྒྱུར་མི་རུང་ཟེར།

ཨུ་རུ་སིའི་འཐུས་མིས་གཏམ་བཤད་སྤེལ་སྐབས། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཟླ་མགོར་གྲོས་མཐུན་བཀོད་པའི་ཟླ་འདིའི་གྲོས་རིམ་ལས་ཁྲའོ་ཞན་གྱི་འགྲོ་མིའི་ཐོབ་ཐང་གནད་དོན་གླེང་མེད་ཀྱང་། གྲོས་ཉིན་ལ་གྲོས་མཐུན་བཀོད་ནས་ཉིན་གཉིས་འགོར་རྗེས་ཐེངས་འདིའི་གྲོས་ཚོགས་བསྡུ་རྒྱུའི་གྲོས་ཆོད་བཏོན་པ་ནི་བསམ་བཞིན་ཡིན་པ་མངོན་གསལ་རེད། ཨུ་རུ་སིའི་ཕྱོགས་ཀྱིས་འགྲོ་མིའི་ཐོབ་ཐང་གནད་དོན་དེ་འགྲོ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་དོན་དག་ཡིན་པ་དང་། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་འགན་གཙོ་བོ་ནི་རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་ལ་སྲུང་སྐྱོབ་བྱེད་རྒྱུ་དེ་ཡིན་ལ། ཁྲའོ་ཞན་གྱི་འགྲོ་མིའི་ཐོབ་ཐང་གནད་དོན་དང་འབྲེལ་བ་སྤུ་ཙམ་ཡང་མེད། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་བྱ་བའི་གཙོ་གནད་ནི་ཕྱོགས་དྲུག་གི་གྲོས་མོལ་སླར་གསོ་བྱེད་རྒྱུ་དེ་ཡིན་ཟེར།

ཨན་ཀི་ལཱའི་འཐུས་མི་དང་ཝེ་ནེ་ཙུའེ་ལཱའི་འཐུས་མིས་གཏམ་བཤད་སྤེལ་སྐབས། ཁྲའོ་ཞན་གྱི་འགྲོ་མིའི་ཐོབ་ཐང་གནད་དོན་ལ་གྲོས་བསྡུར་བྱེད་པ་དེ་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་འགན་དབང་ཁྱབ་ཁོངས་ལས་བརྒལ་ཡོད་པ་དང་། ཁོ་ཚོས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚད་གཞི་ཟུང་ལྡན་སྤྱད་པར་ངོ་རྒོལ་བྱེད་བཞིན་ཡོད་ཟེར།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱ་གར་དང་ཕཱ་ཁི་སི་ཐན་གྱིས་ཛ་དྲག་གི་གནས་བབ་ཞི་འཇགས་སུ་བཏང་སྟེ་ཕྱོགས་གཉིས་ཀྱི་གྲོས་མོལ་སླར་གསོ་བྱས།

དབྱི་རག་གིས་མཉམ་འབྲེལ་རྒྱལ་ཚོགས་ལ་རེ་ཞུ་བྱེད་རྒྱུའི་འཇིགས་སྐུལ་ཏེ་ཐུར་ཁེས་མུ་མཐུད་དུ་དབྱི་རག་ལ་དམག་ཁ་སྣོན་བྱེད་མཚམས་འཇོག་རྒྱུའི་རེ་བ་བཏོན།

པ་ཞི་རུ་ཆུ་རགས་རྡིབ་པའི་དོན་རྐྱེན་བྱུང་བ།

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།